༄༅།། སྤོ་བོའི་དམངས་ཁྲོད་རྟ་རྩལ།
ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༣༡

རྐྱ་ལམ་དུ་རྟ་རྩལ་འགྲན་པའི་རྟ་རྒྱུག་སྐབས་སུ་རྟ་བ་རྣམས་ཀྱི་ཆས་གོས་ནི་ཅུང་དམིགས་བསལ་ཞིག་སྟེ། ཞྭ་མོ་སོག་ཞྭ་དང་། འབུ་རས་ཀྱི་སྟོད་ཐུང་། གཟིག་ཤན་ཕྱུ་བ། ཆ་ཆེ་བའི་འབུ་རས་གོས་ཐུང་། ལྷམ་འཇའ་མ་བཅས་གོན་དགོས། དེའི་ག་དར་ཚོན་སྣ་ལྔའི་རྒྱ་འཁྱིག་དང་། དཔུང་དར་འདོགས་དགོས་པ་མ་ཟད། ད་དུང་མདའ་གཞུ་སག་ཐག་བཅིངས་དགོས། རྐྱ་ལམ་དུ་རྟ་རྩལ་འགྲན་སྐབས་རྐྱ་ལམ་རིང་ཐུང་ངེས་ཅན་ཞིག་ལ་ས་སོབ་སོབ་བཟོ་པའམ་ལམ་ཐིག་དྲང་པོ་ཞིག་འཐེན་ཏེ་དེའི་ཐོག་རྟ་པ་རེ་རེ་བཞིན་རེས་འཁོར་གྱིས་སོ་སོའི་རྟ་རྩལ་ངོམས་དགོས་ཤིང་། དེ་ལྟར་ཐེངས་ལྔ་ནས་བདུན་བར་རྒྱུག་དགོས། རྐྱ་རྩལ་ལའང་མིང་དང་རྣམ་གྲངས་མང་ཙམ་ཡོད་དེ། དང་ཐོག་རྟ་པ་ཚང་མས་ཞཱ་དྲུད་ཅེས་པ་ཐེངས་རེ་བྱེད་དགོས་ཤིང་། དེ་ནི་སོག་ཞྭ་ལག་མཐིལ་དུ་བཞག་སྟེ་རྟ་ཐོག་ནས་གཡས་འགཡོན་གྱི་ས་ཐོག་ཏུ་འདྲུད་ཙམ་བྱས་ནས་ལྟད་མོ་བ་རྣམས་ལ་གུས་ཞབས་བྱེད་པ་མཚོན་པའི་བརྡ་ཡིན། དེ་རྗེས་རྐྱ་ཉལ་ཞེས་རྟ་སྒོའི་ཐོག་ནས་གལ་རྐྱལ་དུ་ལག་པས་ས་ལ་རེག་ཐབས་བྱེད་པའི་རྐྱ་རཙལ་དང་། རྐྱ་བས་ཞེས་རྟ་རྒྱུག་གིན་དུ་སར་རྐང་པ་ཐེངས་གསུམ་རེ་བཙུགས་ནས་སླར་བཞོན་རྒྱུ། མགོ་སླང་ས་བཙུགས་ཞེས་རྟའི་ཕྲག་པར་ཕྲག་པ་བཙུགས་ནས་རྐང་པ་གཉིས་གནམ་ལ་ཀེར་རྒྱུ། དེ་མིན་ཁ་བཏགས་བསྒྲུག་རྒྱུ་དང་། རྟ་ཐོག་ནས་འབེན་ལ་མདའ་རྒྱག་རྒྱུ། རྟ་ཐོག་ནས་མེ་མདའ་རྒྱག་རྒྱུ་སོགས་ཡོད། །
