ཕུང་པོ་བྱ་གཏོར།
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
མི་གསལ།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༧ ཚེས་ ༡༧

ཆོས་འབྱུང་ལོ་རྒྱུས་ལྟར་ན། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་འགོར། ཕ་དམ་པ་སངས་རྒྱས་ཀྱི་སྲོལ་གཏོད་གནང་བའི་ཞི་བྱེད་ཅེས་པའི་གྲུབ་མཐའ་ཞིག་བོད་ལ་དར་བས། དེ་ལས་མ་གཅིག་ལབ་སྒྲོན་གྱི་ཕུང་པོ་གཟན་བསྐྱུར་གྱི་གདམས་པ་ཕྱག་ལེན་མཛད་པ་དང་། གཅོད་གཏོང་བའི་སྲོལ་དེ་དར་ཁྱབ་ཆེན་པོ་བྱུང་ཡོད། ཕུང་པོ་གཟན་བསྐྱུར་གྱི་གདམས་ངག་དེའི་ཤུགས་རྐྱེན་གྱིས་བོད་མིས་རང་ཉིད་ཚེ་ལས་འདས་རྗེས། ཕུང་པོ་སྦྱིན་པར་བཏང་སྟེ། སྦྱིན་པའི་འབྲས་བུ་བཟང་པོ་ཞིག་སྨིན་ནས། སྐྱེ་བ་ཕྱི་མར་མཐོ་རིས་ཀྱི་སྐྱེ་གནས་ཐོབ་པའི་རེ་བ་བཅོལ་བར་གྲགས།
གཞན་ཡང་ཕུང་པོ་ངེས་པར་དུ་བྱ་རྒོད་ལ་འགྲེམས་དགོས་དོན་ནི་བཤད་སྲོལ་དུ། བྱ་རྒོད་ནི་ཞིང་སྐྱོང་གི་འཁོར་ཡིན་པར་ངོས་འཛིན་པ་མ་ཟད། བྱ་རིགས་ཀུན་གྱི་ནང་ནམ་འཕང་གཅོད་པའི་རྒྱལ་པོ་བྱ་རྒོད་ཡིན་པས། ཕུང་པོ་རྣམས་བྱ་དེར་སྦྱིན་ན། རང་གི་སྐྱེ་གནས་མཐོན་པོ་ཡོང་བའི་ངོས་འཛིན་གནང་སྲོལ་ཡོད།
