༄༅།། གཏེར་གྱི་གནས་ཆེན་མཛོད་གདོང་སྨུག་པོ།
ཡོང་ཁུངས། ཧི་མ་ལ་ཡའི་བོན།
གཏེར་སྟོན་གསང་སྔགས་གླིང་པ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༣ ཚེས་ ༢༣

རྩེ་མོ་ཁྱུང་ཆེན་བྲག་རི་ལ། །སྟོན་པའི་བཀའ་གཏེར་རྒྱུད་ཆེན་ཡོད། །དྲན་པ་ཚེ་དབང་པདྨ་འབྱུང་། །མཐུ་ཆེན་མི་དགུའི་སྒྲུབ་ཕུག་ཡོད། །གླང་ཆེན་འགྱིང་འདྲའི་རི་བོ་ལ། །གླང་པོ་རབ་འབོག་རྒྱུད་ཆེན་ཡོད། །སེང་གེ་འགྱིང་འདྲའི་བྲག་རི་ལ། །གསང་སྔགས་རྒྱུད་དགུའི་གཏེར་ཁ་ཡོད། །ཤང་ཤང་གླིང་བུ་གཤིབ་འདྲའི་སྦུབ། །མདོ་སྔགས་བཀའ་ཡི་ལྡེའུ་མིག་ཡོད། །མཆོད་རྟེན་བརྩེགས་པ་འདྲ་བའི་བྲག །བརྣག་པ་སྔགས་ཀྱི་སྤུ་གྲི་ཡོད། །ཆུ་མིག་རིན་ཆེན་སྤུངས་འདྲ་ལ། །ཀླུ་གྲུབ་སྙིང་པོའི་མདོ་སྡེ་ཡོད། །ཆུ་མིག་དུང་དཀར་འཁྱིལ་འདྲ་ལ། །ཚེ་ཆུ་བདུད་རྩི་བཏུང་ཆོག་ཡོད། །ཕ་ཝང་རུས་སྦལ་རྩེ་འདྲ་ལ། །རྒྱལ་བ་སྟོན་པའི་ཞབས་རྗེས་དང་། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་བཀྲ། །ཐར་ལམ་འདྲེན་པའི་འཛུལ་ཆོག་ཡོད། །འཆི་མེད་ཡབ་སྲས་བཞུགས་ཁྲི་ལ། །བདུད་སྲིན་ཟིལ་གནོན་ཞབས་རྗེས་ཡོད། །བྲག་དཀར་བྱ་གུར་འདྲ་བ་ལ། །ཟབ་མོའི་གཏེར་ཁ་ཆ་གསུམ་ཡོད། །དོམ་ནག་གད་ལ་ཉལ་འདྲའི་སྣ། །བེེ་རོའི་མཆོད་རྟེན་འབུམ་པ་ལ། །དྲེགས་པ་བདུད་སྲིན་མནན་ཤུལ་ཡོད། །པར་བུ་ཁ་ཁེབ་སྦྱར་འདྲའི་བྲག །སྡེ་བརྒྱད་སྲོག་གི་འཁོར་ལོ་ཡོད། །སྦྲུལ་ཤུལ་འདྲ་བའི་ལུང་མདོ་ལ། །སྟག་གདོང་དམར་པོའི་སྟག་རྗེས་ཡོད། །བྱ་ཟེ་འདྲ་བའི་གདོང་ཟུར་ལ། །ལྷ་མོ་དྲེལ་དམར་དྲེལ་རྗེས་དང་། །མ་མོ་གསང་བའི་གཏེར་ཁ་ཡོད། །ཐང་དཀར་ཉི་ཟླ་བརྩེགས་འདྲ་ལ། །དཔའ་བོ་དཔའ་མོའི་བྲོ་རྗེས་ཡོད། །བྱ་གཤོག་བརྒྱང་འདྲའི་བྲག་དམར་ལ། །སྟོང་རྒྱུང་མཐུ་ཆེན་ཞབས་རྗེས་སྟེང་། །ཞང་ཞུང་རྒྱུད་སྡེ་སྣ་ལྔ་ཡོད། །སྟག་གཟིག་མ་བུ་རྩེ་འདྲ་ལ། །སྟག་ལ་མེ་འབར་དབལ་རྔ་ཡོད། །འཇའ་ཚོན་འདྲ་བའི་བྲག་རི་ལ། །ཀུན་དགའ་བོ་ཡི་འདུལ་ཆས་ཡོད། །སྲིད་རྒྱལ་བླ་མཚོ་ཕྱུག་མོ་ལ། །རིན་ཆེན་སྣ་ལྔ་གཏེར་སྦྲམ་ཡོད། །གསེར་གྱི་མེ་ལོང་འདྲ་བའི་བྲག །དྲན་པའི་སྐུ་ཆས་ཕྱག་སིལ་ཡོད། །
བྲག་རྩེ་དར་དཀར་ཕྱར་འདྲ་ལ། །ཁྲོ་བོ་གཙོ་མཆོག་མཁའ་འགྱིང་ལ། །ཁྲོ་རྒྱལ་བརྒྱད་ཅུ་གྱ་དྲུག་དང་། །སྲིད་པར་མི་ནུབ་དར་ལྕོག་ཡོད། །པདྨ་སྤུངས་འདྲའི་སྦྲམ་བྲག་ལ། །དུང་དཀར་གཡས་སུ་འཁྱིལ་བ་ཡོད། །ཚེ་ཆུ་ལུང་དང་ལྷ་སྨན་ལུང་། །བསོད་ནམས་ལུང་དང་དགའ་བ་ལུང་། །གནས་ཀྱི་ཁྲུས་ཆབ་བདུད་རྩི་འབབ། །གསོལ་བཏབ་ཚེ་དཔལ་དབང་ཐང་འཕེལ། །གདོང་ཆེན་གདོང་ཟུར་བཞི་བོ་ལ། །དམ་སྲི་མནན་བསྒྲལ་ཕུར་ཤུལ་དང་། །གཏད་ཁྱུང་ཧོམ་ཟུར་ནག་པོ་ཡོད། །བཾ་ཆེན་ཁ་སྦུབ་གན་བསྒྱེལ་ལ། །ལྷ་འདྲེ་དམ་བཏགས་གདབ་ཕུར་བརྒྱད། །གནམ་ལྕགས་ངར་ལས་གྲུབ་པ་ཡོད། །སྦྲུལ་ནག་ཁ་འཐབ་ཆུ་མདོ་ལ། །གཤིན་རྗེ་ནག་པོའི་དམོད་སྔགས་ཡོད། །བྲག་དཀར་བྲག་དམར་འདྲེས་འདྲ་ལ། །གཡུང་དྲུང་ཁ་ཊྭཱྃ་རྒྱ་གྲམ་བཀྲ། །གསང་བ་འདུས་པའི་ཐུགས་གཏེར་ཡོད།།ཕྱོགས་ཀྱི་མཁའ་འགྲོའི་བཀའ་རྟགས་ལ། །སྲོག་ཡིག་ཧ་རི་རྣི་ས་དང་། །རིགས་ལྔའི་མཁའ་འགྲོའི་ཕྱག་ཞབས་རྗེས། །ངོ་མཚར་རང་བྱོན་ཡིག་འབྲུ་སོགས། །བཀའ་རྟགས་བསམ་གྱིས་མི་ཁྱབ་བཞུགས། །གནས་ཆེན་ཁྱུང་ལུང་དངུལ་མཁར་དང་། །འོད་ཟེར་དྲྭ་བ་སྦྲེལ་ནས་ཡོད། །དུས་བཟང་རིག་འཛིན་མཁའ་འགྲོ་དང་། །གནས་ཀྱི་འདུ་བ་ཆེན་པོ་བྱོན། །ལས་ཅན་སྐྱེས་བུས་མངོན་ཞལ་མཇལ། །ལུང་བསྟན་ཞལ་གདམས་ཡང་ཡང་འཐོབ། །སྒོམ་སྒྲུབ་རྣལ་འབྱོར་ཚེ་ལུས་གཅིག །གྲུབ་པ་རྣམ་གཉིས་འཐོབ་པར་འགྱུར། །ལུས་ཅན་སྐྱེ་བོ་ཐ་མལ་པས། །བསྐོར་པ་བཅུ་རེའི་སྙིང་པོའི་གྲངས། །དུང་ཕྱུར་རེ་རེའི་གྲངས་དང་མཉམ། །བསྐོར་ཕྱག་གཅིག་འཚལ་ལུས་སྒྲིབ་བྱང་། །གཉིས་ཀྱིས་ངག་གི་སྒྲིབ་པ་བྱང་། །གསུམ་གྱིས་ཡིད་ཀྱི་སྒྲིབ་པ་བྱང་། །བཅུ་ཡིས་ཚེ་རབས་སྡིག་སྒྲིབ་བྱང་། །བརྒྱ་ཡིས་མཚམས་མེད་སྒྲིབ་པ་བྱང་། །དེ་ཕྱིར་མ་འོངས་འགྲོ་བའི་དོན། །མ་བརྗེད་སྙིང་གི་དཀྱིལ་དུ་ཞོག །ལས་འཕྲོ་ཅན་ལ་གདམས་པར་མཛོད། །ཅེས་གསུངས་མཁའ་འགྲོ་དབྱིངས་སུ་གཤེགས། །
དེ་བཞིན་སྟག་ཞིག་ཉི་མ་དང་། །གཡུང་རྒྱལ་སོགས་དང་གྲྭ་རིགས་ཀྱིས། །གནས་ལམ་བཏོད་དགོས་ཡང་ཡང་བསྐུལ། །སྐབས་སུ་རིགས་ལྡན་ཌཱཀྐི་མ། །མཁའ་འགྲོ་དབང་གི་སྒྲོན་མ་ཡིས། །ལུང་རིང་བྲག་དཀར་འདུག་པའི་ནུབ། །ཁྲོ་སྤྲུལ་རིན་པོ་ཆེ་ཉིད་ཀྱིས། །འགྲོ་བ་ཡོངས་ཀྱི་མགོན་གྱུར་རྟེན། །སྐུ་འདྲ་མཆོད་རྟེན་སྣོད་ཀྱིས་གསུངས། །དངུལ་གྱི་གའུ་ཆེན་པོ་ཞིག །དར་སྣ་དཀར་སེར་དམར་ལྗང་སོགས། །མཁའ་འགྲོའི་བརྡའ་ཡིག་སྣམ་ཤར་འདྲ། །བདག་ལ་གཏད་སྣང་བྱུང་བར་རྨིས། །སྟག་ཞིག་དགོན་དུ་ཕྱིན་པའི་སྐབས། །བླ་མ་ཉི་མ་བདུད་འདུལ་དང་། །དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས། །གནས་ལམ་བཏོད་དགོས་བསྐུལ་བའི་ནུབ། །ལྷ་ཁང་ཡངས་ཤིང་རྒྱ་ཆེ་བ། །འགེབས་བརྩེགས་ལྔ་ལྡན་གཞལ་ཡས་ཁང་། །ངོ་མཚར་བཀོད་པ་རྫོགས་པའི་ནང་། །བདེར་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །བསམ་གྱིས་མི་ཁྱབ་བཞུགས་པ་ཡིས། །དཀྱིལ་འཁོར་བརྒྱ་ཕྲག་དུ་མ་བཤམས། །རིན་པོ་ཆེ་ཡི་ཐེམ་སྐས་བཙུགས། །ཕྱི་ནང་གསང་གསུམ་ཡོན་ཏན་རྫོགས། །མི་དྲག་འདྲ་བའི་ཆས་ཅན་གྱིས། །བདག་ལ་དགྱེས་པའི་ཚུལ་གྱིས་ནི། །རིན་ཆེན་གཏེར་གྱི་ལོ་རྒྱུས་བཤད། །གནས་ཀྱི་འགྲོ་དོན་བྱུང་ཚུལ་རྨིས། །ཕྱི་ཉིན་གཏེར་ཆེན་གྲོགས་སུ་བགྱིས། །གནས་ལམ་བྱོན་ནས་བསྐོར་ལམ་བཏོད། །དེ་ཉིད་མཁའ་འགྲོའི་ལུང་བསྟན་ཏེ། །དད་ལྡན་སྐྱེས་བུ་ཐམས་ཅད་དང་། །གནས་ལམ་ཕྱིན་ནས་རྟེན་འབྲེལ་གྱི། །བར་ཆད་མེད་པར་ལེགས་ལམ་གྱུར། །བསྟན་དང་སེམས་ཅན་དོན་ཆེན་འགྲུབ། །དེ་ལྟར་སྦས་གནས་མཛོད་གདོང་གི །དཀར་ཆག་བཀོད་པའི་རྣམ་དཀར་གྱིས། །རྒྱལ་བའི་བསྟན་དང་བསྟན་འཛིན་གཤེན། །ཞབས་པད་བརྟན་ཞིང་སྨིན་གྲོལ་གྱིས། །མཁའ་ལྟར་ཁྱབ་ཅིང་ཞིང་ཀུན་བདེ། །བཀྲ་ཤིས་དཔལ་གྱིས་རྟག་ཁྱབ་ཤོག །ཅེས་པའི་གནས་ཆེན་མཛོད་གདོང་སྨུག་པོའི་དཀར་ཆག་འདི་ནི། མཁའ་འགྲོ་དབང་གི་སྒྲོན་མ་དང་། སྟག་ཞིག་བླ་མ་ཉི་མ་བདུད་འདུལ། གཡུང་དྲུང་རྒྱལ་མཚན། མཆོག་སྤྲུལ་ཉི་མ་རྒྱལ་མཚན། གཡུང་དཔལ་སོགས་གྲྭ་རིགས་མང་པོས་བསྐུལ་ངོར། བསྟན་གཉིས་གསང་སྔགས་གླིང་པ་ཡབ་ཡུམ་ལྷ་ལྡན་ཕྱིན་སྐབས་སུ་གནས་ཀྱི་ལུང་བསྟན་དང་བསྐོར་ལམ་སོགས་དང་བཀའ་རྟགས་གནས་ཡིག་སོགས། སྟག་ཞིག་མཁས་སྲིད་གཡུང་དྲུང་དར་རྒྱས་གླིང་གི་ལྷ་ཁང་རྩེར་ཤིང་བྱི་ཟླ་བ་དགུ་བའི་དཀར་ཕྱོགས་སུ་གསང་སྔགས་གླིང་པས་སྦྱར་ཞིང་། ཐོག་མའི་ཡི་གེ་པ་ནི་སྟག་ཞིག་ཉི་མ་བདུད་འདུལ་གྱིས་བགྱིས་པ་གཡུང་དྲུང་བོན་བསྟན་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག དགེའོ། བཀྲ་ཤིས་སོ། ། ཐ་ཚན་མུ་ཙུག་སྨར་རོ། །
གཏེར་གྱི་གནས་ཆེན་མཛོད་གདོང་སྨུག་པོའམ་བསམ་གཏན་དཔལ་རི་ནི། དེང་སྐབས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དབོན་པོ་སྟོད་ཤང་མཁར་གསུམ་མདོའི་གྲོང་གི་མངའ་ཁོངས་སྟག་ཞིག་དགོན་གྱི་ཉེ་འཁྲིས་སུ་ཆགས་ཡོད་པ་དང་། གནས་རི་འདི་ནི་སྔར་གཏེར་སྟོན་བདེ་ཆེན་གླིང་པས་མཇལ་སྣང་ལུང་བསྟན་སྟག་རྩེའི་དཀར་ཆག་ནང་དུ་འཁོད་ཡོད་པར་མ་ཟད་དེའི་རྗེས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོ་སྟེ་སྤྱི་ལོ༡༩༢༤ལོར་བསྟན་གཉིས་གསང་སྔགས་གླིང་པ་ཡབ་ཡུམ་ལྷ་ལྡན་དུ་ཕེབས་སྐབས་དཀར་ཆག་རྒྱས་པར་ལུང་བཞིན་ཕབ་སྟེ་གནས་ལམ་བཏོད་པ་དང་གནས་བསང་དང་གནས་གསོལ་སོགས་ཀྱང་མཛད། གནས་རི་འདི་ནི་ཕྱི་ལྟར་ན་རྒྱལ་བ་སྟོན་པ་གཤེན་རབ་ལ་ན་བཟའ་པད་ལོ་རིས་དྲུག་གིས་བརྒྱན་པའི་ཚུལ་དང་། ནང་གི་གཞལ་ཡས་ཕོ་བྲང་དུ་རྒྱལ་བ་སྟོན་པ་གཙོ་འཁོར་བཞུགས་ཤིང་གསང་བར་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ཟབ་མོ་གཏེར་དུ་སྦས་པའི་བཀའ་གཏེར་བསམ་ཡས་བཞུགས་ཚུལ་སོགས་དཀར་ཆག་ནང་དུ་འཁོད་ཡོད། ཧཱུྃ༔ཆེན་འགྲོ་འདུལ་གླིང་པའི་གསང་འདུས་སྒྲུབ་སྐོར་གྱི་གཏེར་གནས་ཀྱང་ཡིན།།
