༄༅།། མཆོད་རྟེན་གྱི་རྣམ་བཤད།
ཡོང་ཁུངས། ངེད་དྲ་བ།
དབང་ཆེན།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༢༠

དེ་ཡང་ལུགས་གཉིས་ལས་བུ་སྟོན་ལུགས་དང་སྡེ་སྲིད་ལུགས་གཉིས་པོའི་མཆོད་རྟེན་གྱི་སྤྱིའི་མཐོ་ཚད་ཆ་ཆུང་དྲུག་ཅུ་རེ་བཞི་གཅིག་མཐུན་ཐོག་བུ་སྟོན་ལུགས་ལ་ས་འཛིན་གྱི་རྒྱར་ཆ་ཆུང་སུམ་ཅུ་རྩ་གཉིས་དང་། སྡེ་སྲིད་ལུགས་ལ་ཆ་ཆུང་སུམ་ཅུ་སོ་དགུ་ཡོད་པའི་ཁྱད་ཡོད་ལ། བུམ་པའི་རྒྱ་དང་། ཆོས་འཁོར་བཅུ་གསུམ་གྱི་ཚད་གཞི་ལ་ཡང་ཁྱད་པར་ཅུང་ཟད་ཡོད། དབྱིབས་གཟུགས་ཐད་བདེ་གཤེགས་མཆོད་རྟེན་བརྒྱད་རང་དུ་ངེས་ཤིང་པད་སྤུངས་ནི་དབྱིབས་ཟླུམ་པོ་པདྨའི་རྣམ་པ་ཅན། བང་རིམ་བཞི་པ་ཅན(བང་རིམ་བརྒྱད་དུ་བཞེད་པའང་ཡོད)བྱང་ཆུབ་མཆོད་རྟེན་ནི་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ། བཀྲ་ཤིས་སྒོ་མང་ནི་དབྱིབས་གྲུ་བཞི་གློ་འབུར་དང་བཅས་པ། སྒོ་རབ་བརྒྱ་རྩ་བརྒྱད། འབྲིང་ལ་སྒོ་ང་དྲུག ཐ་མ་སྒོ་བཅུ་དྲུག་སོགས་ཅི་རིགས་དང་། སྒོ་བཞི་རེས་བྱས་པ་བདེན་པ་བཞིའི་མཚོན་བྱེད། བརྒྱད་རེ་བྱེད་པ་རྣམ་ཐར་བརྒྱད་དུ་མཚོན། བཅུ་གཉིས་སུ་བྱེད་པ་རྟེན་པ་རྟེན་འབྲེལ་བཅུ་གཉིས་བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་གི་མཚོན་ཚུལ་བཅས་མང་བར་གསུངས་སོ། །
ཆོ་འཕྲུལ་ནི་གྲུ་བཞི་པ་བང་རིམ་བཞི་དང་ལྡན་པ། ཕྱོགས་རེར་གློ་འབུར་དང་བཅས་པ། ལྷ་བབས་ནི་བང་རིམ་བཞི་པའམ་བརྒྱད་པ་ངོས་རེར་གློ་འབུར་དང་བཅས་པ་གློ་འབུར་དབུས་ན་ཐེམ་སྐས་ཡོད་པ། དབྱེན་འདུམ་མཆོད་རྟེན་ནི་བང་རིམ་བཞི་པ་དབྱིབས་གྲུ་བཞིའི་ཟུར་མཉམ་པར་བཅད་པའོ། །རྣམ་རྒྱལ་མཆོད་རྟེན་ནི། དབྱིབས་ཟླུམ་པོ་བང་རིམ་གསུམ་ཅན། མྱང་འདས་མཆོད་རྟེན་ནི་བང་རིམ་མེད་པ། ཁྲི་ཡེ་སྟེང་དུ་བུམ་རྟེན་ཡན་ཆད་བཞུགས་པ་བཅས་མཆོད་རྟེན་ཚད་ལྡན་ཞིག་ལ་མཚོན་ན། བཞུགས་ཁྲི་དང་། རྒྱུའི་མཆོད་རྟེན། འབྲས་བུའི་མཆོད་རྟེན་གསུམ་ཚང་དགོས་ཏེ། ས་འཛིན་ནས་བ་གམ་མན་ཆོད་བཞུགས་ཁྲི་དང་། བང་རིམ་དང་པོ་ནས་བྲེ་མན་ཆད་རྒྱུའི་མཆོད་རྟེན། བྲེ་ཡན་ཆོད་ནས་ཏོག་གི་རྩེ་མོ་བར་འབྲས་བུའི་མཆོད་རྟེན་དུ་གསུངས། མཆོད་རྟེན་གྱི་ཆ་སོ་སོ་ནི་འོག་ནས་རིམ་བཞིན་གྱེན་དུ་བགྲངས་ནས་ས་འཛིན་དང་། ཐེམ་སྐས་དང་པོ། ཐེམ་སྐས་གཉིས་པ།(ཐེམ་སྐས་འདི་པདྨ་བྱེད་པ་ཤས་ཆེ)ཐེམ་སྐས་གསུམ་པ། ཁྲི་གདོང་། གཟུང་སྣེ། པདྨ་བ་གམ་བཅས་རིམ་པ་བརྒྱད་ནི་ཁྲི་ཡིན། དེའི་སྟེང་དུ་དགེ་བཅུ། དེ་ནས་བང་རིམ་དང་པོ། བང་རིམ་གཉིས་པ། བང་རིམ་གསུམ་པ། བང་རིམ་བཞི་པ། བུམ་རྟེན། བུམ་པ། བྲེ་རྟེན། བྲེ་བཅས་རྒྱུའི་མཆོད་རྟེན་དང་། གདུངས་འདེགས་པདྨ་མོ་འཁོར་དང་ཕོ་འཁོར་རེས་མོས་བཞིན་བཅུ་གསུམ་དེ་ནས་ཐུགས་རྗེ་མདོ་གཟུང་གདུངས་དང་། གདུགས་ཁེབས། ཟླ་བ། ཉི་མ་ནོར་བུའི་ཏོག་བཅས་ཡིན།
མཆོད་རྟེན་དེ་དག་བཞེངས་སྐབས་ཁ་དོག་དང་དབྱིབ་གཅིག་མཚུངས་མ་ཡིན་པར་ཐ་དད་པ་དང་ཁ་འཁོར་ཕྱོགས་ཀྱང་ཚུལ་མི་འདྲ་བས་འོག་ནས་འབྱུང་བར་འདི་ལྟར་ཏེ། གཅིག ༡.ཤར་ན་རྩེ་མོ་བརྒྱ་པའི་མཆོད་རྟེན། ༢.ལྷོར་ཏ་ལ་རིན་ཆེན་བརྩེགས་པའི་མཆོད་རྟེན། ༣.ནུབ་ཏུ་བདེ་བྱེད་ཁམས་གསུམ་སྒྲོལ། ༤.བྱང་དུ་ཕྲིན་ལས་གཏེར། ༥.ཤར་ལྷོར་རི་ཤིང་རའི་མཆོད་རྟེན། ༦.ལྷོ་ནུབ་ཏུ་པར་པ་རའི་མཆོད་རྟེན། ༧.ནུབ་བྱང་དུ་བཀྲ་ཤིས་བརྩེགས་པའི་མཆོད་རྟེན། ༨.བྱང་ཤར་དུ་ཉི་མ་གཟིའི་མཆོད་རྟེན་ནོ། ། གཉིས། ༢.ནུབ་ཏུ་པད་སྤུངས་མཆོད་རྟེན་དང་། ༢.ཤར་ལྷོར་བྱང་ཆུབ་མཆོད་རྟེན། ༣.ལྷོར་བཀྲ་ཤིས་སྒོ་མང་མཆོད་རྟེན། ༤.བྱང་ཤར་ཆོ་འཕྲུལ་མཆོད་རྟེན། ༥.ཤར་དུ་ལྷ་བབས་མཆོད་རྟེན་ཐེམ་སྐས་ལྟ་བུ། ༦.ནུབ་བྱང་དུ་དགེ་འདུན་དབྱེན་སྡུམ་མཆོད་རྟེན། རྟེན་ཟུར་དྲུག་པ། ༧.ལྷོ་ནུབ་ཏུ་རྣམ་རྒྱལ་མཆོད་རྟེན་བཟླུམ་པོ། ༨.བྱང་དུ་མྱང་འདས་མཆོད་རྟེན། གསུམ། ༡.རྡོ་རྗེ་དཀར་པོ། ༢.རྡོ་རྗེ་ནག་པོ། ༣.རྡོ་རྗེ་ཆགས་པ་དཀར་པོ། ༤.རྡོ་རྗེ་འདུས་བྱས་སེར་པོ། ༥.ཐུགས་རྡོ་རྗེ་དཀར་པོ། ༦.སྐུ་རྡོ་རྗེ་དམར་པོ། ༧.རིན་ཆེན་རྡོ་རྗེ་ནག་པོ། ༨.རྡོ་རྗེ་ལྗང་གུའོ། །ཡང་ན་བརྒྱད་ཀ་བྱང་ཆུབ་མཆོད་རྟེན་ལྟ་བུ་ཡིན། དེ་བཞིན་དུ་རི་མེ་ཆུ་གྲུབ་ཆེན་བརྒྱད་རེ་ཡོད།
