༄༅།། ལོ་རྒྱུས་ཀྱི་གས་སྲུབས་བར་ནས་འཇིག་སོང་པའི་གནའ་སྡེ་ཞིག
ཡོང་ཁུངས། ངེད་དྲ་བ།
པད་ཚེ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༤

ངག་རྒྱུན་དུ། སྡེ་བ་འདི་དེང་གི་དགའ་ཚ་ལུང་མདོ་ནས་ཡར་ཁོག་ཆེན་ཕྱོགས་ལ་སྤྱི་ལེ་གཅིག་ཙམ་སོང་མཚམས་ན་གྲ་ཆུང་སྟེང་ཐོག་ཅེས་པའི་སྒང་ཁ་ཞིག་ཡོད་པ་དེར་ཆགས་ཡོད་ལ། སྡེ་བ་དེར་བཙན་དང་སྟོབས་ཤུགས་ཆེ་ཙམ་ཡོད་པས། ཉེ་ཁོར་གྱི་མི་སྡེ་གཞན་རྣམས་ཀྱིས་ནམ་རྒྱུན་དེ་ལ་འགྲིག་ཐབས་དང་མཐུན་ཐབས་ལྟ་བུ་བྱས་པར་བཤད། བར་སྐབས་ཤིག་ལ་སྡེ་བ་དེའི་མི་རྣམས་ཀྱིས་སྟོད་ཕྱོགས་ཀྱི་ནང་བའི་བླ་སྤྲུལ་ཆེན་པོ་ཁོར་དང་བཅས་པ་ཞིག་ལུང་པ་འདི་བརྒྱུད་དེ་སྨད་ཀྱི་ས་ཆ་ཞིག་ལ་ཕེབས་བཞིན་པའི་གནས་ཚུལ་ཐོས་པས། ཁོ་ཚོས་བླ་མ་ཕེབས་སའི་ལམ་གྱི་མགོ་ཐོག་ལ་ལྷམ་ཆད་ཀྱི་རྡང་འཐེན་ཏེ། བླ་མ་དེའི་འོག་ལ་ཕེབས་སུ་བཅུག་པར་བཤད། སྦྱོར་བ་དེས་བླ་མ་ལ་གནོད་ཅི་ཞིག་སྐྱེལ་ཡོད་མེད་མ་ཤེས་མོད། བླ་མས་གནས་ཚུལ་དེ་མཁྱེན་རྗེས་དམོད་པ་བཏབ་པས། སྡེ་བ་དེ་ནང་མི་འཆམ་པ་དང་། ནད་ཡམས་ཀྱི་འཇིགས་པ་སོགས་བྱུང་སྟེ་ཕྱོགས་བཞི་ལ་འཐོར་བ་འགའ་ཤས་ཐེ་བོའི་ཕྱོགས་ལ་སོང་པས་ཐེ་བོའི་དགའ་ཚ་དང་། ལ་ལ་ཟངས་ཚའི་ཕྱོགས། འགའ་ཤས་དེང་གི་རྨེ་རུ་ཉིན་པའི་ནང་། འགའ་རེ་དེང་གི་དགའ་ཚའི་ལུང་བ་བཅས་སུ་གནས་སྤོས་བར་བཤད་དོ།།

རྒྱལ་རབས་རུས་མཛོད་སོགས་སུ། རུས་དགའ་ལ་རྒ་དང་། ལྒ། སྒ་སོགས་འབྲི་ཚུལ་དུ་མ་བྱུང་མོད། ཡུལ་འདི་དང་ཐག་ཉེ་བའི་དགའ་རིགས་ནི་དགའ་རུ་བྲིས་པ་མང་བས། འདིར་ཡང་དགའ་རུ་བྲི་བར་བྱའོ།། རུས་མཛོད་དུ་རུས་དགའ་ནི་འ་ཞའི་ཡུལ་ཏེ། བྱང་སྒ་བ་ནས་ཤར་རྒྱལ་རོང་བར་གྱི་ཡུལ་གྲུ་དག་ཡིན་པར་གསུངས། དེ་ལས་བྱང་དགའ་བ་ནི་ཆུ་བོ་ཆེན་པོ་རྨ་འབྲི་གཉིས་ཀྱི་མགོ་ཁུངས་ཀྱི་བར་རྒྱུད་དེ་དེང་གི་ཡུལ་ཤུལ་ཕྱོགས་འདི་ཡིན་ལ། ཡུལ་དེ་དག་ལ་དགའ་སྐྱེ་དགུ་དང་། དགའ་ཡི་ལུང་པ། བྱང་སྒ་བ་སོགས་སུ་དེང་དུས་ཀྱང་འབོད། གེ་སེར་རྒྱལ་པོའི་སྒྲུང་དུ་བྱུང་བའི་དགའ་སྐྱ་ལོའི་སྟོན་པ་ཚང་དང་། དགའ་སྐྱ་ལོའི་སེང་ལྕམ་འབྲུག་མོ་སོགས་ཀྱང་འདིའི་ཕྱོགས་ཡིན་ཏེ། ཡུལ་དེ་དག་ན་ཁུ་ག་བ་ཞེས་གནས་རི་སེང་ལྕམ་གྱི་བླ་རིར་གྲགས་པ་དེང་དུས་ཀྱང་མཇལ་རྒྱུ་ཡོད། དེ་མིན་མགྲོ་འགོན་འཕགས་པའི་སློབ་མ་དགའ་ཨ་མྱེ་དམ་པ་ཞེས་བོད་ཀྱི་ལོ་རྒྱུས་སུ་གྲགས་ཆེ་བའི་མི་སྣ་དེ་ཡང་། ཡུལ་ཕྱོགས་འདིའི་མི་ཡིན་པས་རུས་དགའ་རུ་འབོད། ཡང་ཡུལ་ཕྱོགས་འདིའི་གནས་རི་ཆེས་ཆེ་བ་སྟེ། དགའ་ཇོ་བོའམ་དགའ་སྟོད་ཇོ་བོར་འབོད་པ་ཡང་དེང་གི་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་ཆུ་མར་ལེ་རྫོང་གཉིས་ཀྱི་བར་མཚམས་ན་ཡོད་དོ།།
རུས་དགའ་དང་འབྲེལ་བའི་ཡུལ་ཕྱོགས་གཞན་ཞིག་ནི། དེང་གི་རྔ་བ་ཁུལ་གྱི་མཛོད་དགེ་ཕྱོགས་དང་། ཀན་ལྷོ་ཁུལ་གྱི་ཅོ་ནེ་གཉིས་ཡིན་ནོ།། ལོ་རྒྱུས་སུ་ཅོ་ནེའི་དཔོན་རྒྱུད་དང་མཛོད་དགེའི་དཔོན་གཉིས་ནི་མངའ་བདག་ཁྲི་རལ་སྐབས་དགའ་ཡེ་ཤེས་དར་རྒྱས་ཞེས་པའི་དམག་དཔོན་ཞིག་མདོ་སྨད་དུ་ས་མཚམས་སྲུང་དུ་ཡོང་བར། དེས་ཡུལ་དེ་དག་ལ་དབང་བསྒྱུར་ཅིང་ཡུན་རིང་བསྡད་པས་ཡུལ་དེའི་དཔོན་དུ་གྱུར། དེའི་རྒྱུད་པ་རྣམས་རིམ་གྱིས་མར་མཆེད་པས་བར་སྐབས་ཤིག་ལ་སྲས་སྤྱང་ཐི་དང་སྔོ་ཐི་བྱ་བ་གཉིས་བྱུང་། སྔོ་ཐི་ཡུལ་དེ་རུ་བསྡད་ནས་མུ་མཐུད་དུ་དབང་བསྒྱུར་བས། མཛོད་དགེའི་དཔོན་དང་དེའི་རྒྱུད་པ་མཛོད་དགེའི་ཤོག་ཀ་བཅུ་གཉིས་སོགས་སུ་གྱེས། སྤྱང་ཐི་སྨད་ལ་སོང་སྟེ་ཅོ་ནེའི་ཡུལ་ལ་དབང་བྱས་པས་ཅོ་ནེ་རྒྱལ་པོའི་རྒྱལ་རྒྱུད་རིམ་པར་བྱུང་། དཔོན་ཁག་འདི་གཉིས་ཀྱི་རྒྱུད་པ་འཁོར་དང་བཅས་པ་དགའ་ཡེ་ཤེས་དར་རྒྱས་ལས་བྱུང་བས། རུས་དགའ་ཡིན་པར་བཤད་དོ།།
སྐབས་འདིར་སི་ཐེ་ཨེན་ཀྱིས་སྐྱེ་དགུ་ཕྱོགས་ལ་དགའ་སྟོད་ཅེས་པའི་མིང་བྱུང་བས། མཛོད་དགེ་དང་ཅོ་ནེའི་ཕྱོགས་ཀྱི་དགའ་འདི་དག་སྨད་ཀྱི་དགའ་ལ་གོ་དགོས་པ་ཨེ་ཡིན་ཞེས་པའི་དོགས་སློང་ཡང་མཛད་འདུག ས་བབ་ཀྱི་ཆ་ནས་བལྟས་ན། རྨ་སྟོད་ནས་ཡར་བ་ཡན་ཧ་རི་བརྒལ་བས་སྐྱེ་དགུ་དང་། རྨ་སྨད་དམ་རྨ་ཆུའི་ཁུག་མགོ་དང་པོ་ནས་མར་ཡོང་ན་མཛོད་དགེ་དང་ཅོ་ནེ་ཕྱོགས་ཡིན་པས། དེ་ལྟའི་སྟོད་སྨད་ཀྱི་དབྱེ་བ་ཕྱེ་སྟངས་ལ་གནས་ལུགས་མེད་པ་ཡང་མིན་ནོ།། སྨད་ཀྱི་དགའ་འདི་དག་ནི་རུས་མཛོད་དུ་ཤར་རྒྱལ་མོ་ཚ་བ་རོང་བར་ཞེས་པའི་རྒྱལ་རོང་དང་ཉེ་བའི་དགའ་ལ་ངོས་བཟུང་ན་ཤིན་ཏུ་འཕྲོད་འདུག་མོད། རུས་མཇོད་མེ་ཏོག་སྐྱེད་ཚལ་བྱ་བར། དགའ་དེ་གཉིས་གཅིག་མིན་ཚུལ་ཡང་གསུངས་འདུག་པས་བརྟག་པར་འཚལ།

ཡང་བོད་ཀྱི་རུས་མིང་དུ། ལྡོང་ཚ། རྐྱང་ཚ། རྐང་ཚ། མགོ་ཚ། བྲག་ཚ། ཟངས་ཚ། ཁྲོམ་ཚ་ལྟ་བུ་ཚ་ཅན་མང་པོ་ཞིག་བྱུང་བ་ནི། རུས་ཚན་ཆེན་པོ་ཞིག་གི་ཚ་རྒྱུད་དུ་གཏོགས་པས་ན་དེ་ལྟར་འདོགས་པའི་སྲོལ་བྱུང་བར་བཤད། དཔེར་ན་རུས་ཆེན་པོ་ལྡོང་གི་ཚ་བོའི་རྒྱུད་པ་ཡིན་པས་ལྡོང་ཚ་རུ་བོས་བ་ལྟ་བུའོ།། འབོད་སྲོད་འདི་ཡང་ཁྱད་པར་དུ་ཆས་བུ་གཤིས་དང་ཐག་ཉེ་བའི་ཐེ་ཁོག་དང་། ཀླུ་ཆུའི་རྒྱུད། རྨ་ཁུག་མན་གྱི་རྨ་ཆུའི་རྒྱུད་བཅས་ན་ཤིན་ཏུ་མང་བས། དགའ་ཚ་ཡང་རུས་དགའམ་སྒ་ཡི་ཚ་རྒྱུད་དུ་གཏོགས་བར་འདོད་ན་དོགས་པ་གང་ཡང་མེད། མདོ་སྨད་ཆོས་འབྱུང་དང་བླ་མ་དཀར་པོ་སྐུ་ཕྲེང་དང་པོའི་རྣམ་ཐར་སོགས་སུ། སྐབས་རེར་སྒ་ཚ་དང་། མཚམས་རེར་དགའ་ཚལ། ཡང་མཚམས་རེར་སྒང་ཚ་སོགས་འབྲི་ཚུལ་མི་གཅིག་པ་དུ་མ་བྱུང་འདུག་མོད། མདོ་ཆོས་སུ་ཐེ་བོའི་དགའ་ཚ་ལ་སྒ་ཚ་རུ་བྲིས་བ་དག་པར་མཐོང་། གཞན་མང་ཆེ་བ་ཁ་སྐད་ཉི་ཚེ་རེར་གཞི་བྱས་ཏེ་ཡིག་ངོར་ཕབ་པ་ཙམ་ལས། དམིགས་གསལ་དེའི་སྐོར་ལ་ཞིབ་འཇུག་གང་ཡང་མཛད་མི་འདུག་སྙམ་པ་བྱུང་ངོ་།།
