༄༅།། མདོ་སྨད་འབྲུག་ཆུའི་ཡུལ་གྱི་བོན་གྱི་དཔེ་རྙིང་དང་བོན་གྱི་གྲོང་སྔགས།

མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐེ་ཆུའི་སྨད་རྒྱུད་དུ་ཆགས་པའི་འབྲུག་ཆུ་ས་ཆ་ནི་ལོ་རྒྱུས་ཡུན་རིང་ཞིང་ལོ་རྒྱུས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན། བོན་ཆོས་ནི་བོད་རང་ཉིད་ཀྱི་གདོད་མའི་ཆོས་ལུགས་ཡིན་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་དང་རྨང་གཞི་ཡིན་པས། དེ་འཚོལ་སྡུད་དང་ལེགས་སྒྲིག དཔེ་སྐྲུན་གང་ཐུབ་བྱ་རྒྱུ་ནི་ལོ་རྒྱུས་རིག་གནས་རྒྱུད་འཛིན་དང་། ཡུལ་ཉིད་ཀྱི་ཁྱད་ཆོས་མངོན་པ། རིག་གནས་འབྲུག་ཆུ་གསར་འཛུགས། འཆམ་མཐུན་སྤྱི་ཚོགས་སྐུལ་སྤེལ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

འབྲུག་ཆུ་ནི་ཞིང་ལས་གཙོ་བོ་བྱེད་པའི་རྫོང་ཞིག་ཡིན་ཞིང་། འབྲུག་ཆུའི་འབབ་རྒྱུད་ནི་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ལྷ་མོ་ཡུལ་ཤོག་གི་གདུགས་དཀར་བླ་རྩེའི་ཤར་དང་ཚེ་འབོའི་རྫ་རྒན་ཤར་ལྷོའི་ཆུ་དཀར་ལྟེམས་ནས་བབས་ཏེ། ཐེ་བོ་དང་འབྲུག་ཆུ་ཡུལ་གྱི་ཆུ་ལག་མི་འདྲ་བ་དྲུག་ཅུ་ལྷག་དང་འདྲེས་ཏེ་ཀན་སུའུ་ལུང་ནན་གྲོང་ཁྱེར་གྱི་ཝུའུ་ཏུའུ་དང་ཝུན་རྫོང་། ལྡོང་ཁྲོམ་རྫོང་། སི་ཁྲོན་བྱང་ཕྱོགས་ཀྱི་གཙང་པོ་ཅ་ལིན་ཅང་དུ་བཞུར་བའི་ཆ་ནས་མིང་དེ་ལྟར་ཐོགས་པ་ཡིན། ལོ་རྒྱུས་དེབ་ཐེར་དུ་ས་ཆ་དེ་ནི་ལྡོང་ཁྲོམ་(ཡང་ན་མདའ་ཚང་ཞེས་ཀྱང་འབོད)སྤྱང་དང་མུ་སྤྱང་ཁྲོམ་དུ་འབོད་པ་དང་། ཡང་ལ་ལས་མི་ཉག་ཏང་ཞང་ཆང་སོགས་ལ་ངོས་བཟུང་བ་ཡིན། གང་ལྟར་འབྲུག་ཆུ་ས་ཆ་ནི་བོད་བཙན་པོའི་མངའ་ཁོངས་ཡིན་མྱངས་ཤིང་། འབྲུག་ཆུ་བ་ནི་བོད་བཙན་པོའི་གདུང་རྒྱུད་ཡིན་པ་སྨོས་མེད་ཡིན། བོད་བཙན་པོའི་རྗེས་སུ་བོད་ཀྱི་ཤོག་པ་དང་དམག་རུ་མང་པོ་ལུས་མེད་པའི་ཆ་ནས། དུས་ཡུན་རིང་ཤོས་ཤིག་ལ་གསེར་པོ་བླ་དཔོན་གྱི་ཤོག་པ་དང་ཅོ་ནེ་ས་སྐྱོང་གི་ཁོངས་གཏོགས་དམག་རུ་བཞི་པོ་དེའི་ཁོངས་སུ་འདུས་པར་བཤད།
ངག་རྒྱུན་དང་འབྲེལ་ཡོད་ཡིག་ཆར་བཀོད་པ་ལྟར་ན། བོད་ཀྱི་བཙན་པོའི་དུས་སྐབས་སུ་བན་བོན་འཁྲུག་མཐར་བོན་ཆོས་ལ་གྱོང་གུན་ཐེབས་ཏེ། དབུས་གཙང་གི་འབངས་མི་སེར་མང་ཤོས་ཀྱི་ཆོས་ལུགས་དད་མོས་སངས་རྒྱས་ཆོས་ལུགས་སུ་བསྒྱུར་ཅིང་། བོན་ལ་དད་པའི་འབངས་མི་ལ་ལ་ཁྲལ་འུ་ལག་ཁུར་མཁན་དུ་ཐང་བོད་མཐའ་མཚམས་བསྲུང་མཁན་གྱི་བཅའ་སྡོད་དམག་མི་དང་མཉམ་དུ་མདོ་སྨད་དུ་མཐར་སྐྲོད་བཏང་། ཆུ་བཟང་རྡོ་རྗེ་རིན་ཆེན་གྱིས་བརྩམས་པའི་《འབྲུག་དཀར་གཙང་པོའི་འགྲམ་ངོགས་སུ་འཚོ་སྡོད་བྱེད་པའི་མི་རིགས་ཀྱི་མཆེད་ཁུངས་ལ་དཔྱད་པ།》ལས། འབྲུག་ཆུའི་བོད་རིགས་ཕལ་ཆེར་ནི་དེའི་སྐབས་སུ་དབུས་གཙང་ནས་རིམ་བཞིན་མཆེད་པའི་བཙན་པོའི་གདུང་རྒྱུད་རེད་ཟེར། མཁས་པ་འགའ་རེས་འབྲུག་ཆུའི་ས་ཆ་ནི་བོད་རྒྱལ་སྲོང་བཙན་དུས་སུ་བོད་ཀྱི་མཐའ་མཚམས་སྲུང་བར་སྔ་ཕྱིར་ད་ལྟའི་བོད་ལྗོངས་ཀོང་པོ་དང་ལྷོ་ཁ། དྭགས་པོ། རྒྱལ་མོ་དངུལ་ཆུའམ་ཆབ་མདོ་བའི་བཀའ་མ་ལོག་པ་ཡུལ་མིའི་གྲས་སུ་ཞུགས་ཞེས་བཀོད་པ་དང་། འབྲུག་ཆུའི་ཡུལ་མི་ཁ་ཤས་ཀྱིས་བཀའ་མ་ལོག་ཅེས་པ་ཁོ་ཚོའི་ས་ཆའང་ཡིན་ཏེ་བཙན་པོའི་བཀའ་མ་ལོག་པར་མཐའ་མཚམས་སྲུང་བའི་ཡུལ་མི་(ད་ལྟའི་བར་བཀའ་མ་ལོག་ཅེས་པའི་སྒྲ་ཟུར་ཆགས་ཏེ་བཀའ་མི་སྣང་ཞེས་པ་འབྲུག་ཆུ་རྫོང་ཧྥུན་ཏེ་ཡུལ་ཤོག)ཡིན་ཟེར། ཡང་མཁས་པ་རེ་འགས་ཀ་སྨད་ཅེས་བཀོད་ཅིང་ས་མིང་དེ་གང་ཡིན་བརྟག་དཔྱད་བྱ་དགོས་སྙམ། གནས་དེ་ནི་ཐེ་བོའི་སྟོད་སྨད་བར་གསུམ་དུ་གྲགས་པའི་སྨད་ཀྱི་ཁོངས་གཏོགས་ཡིན་ཞིང་། ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་དགའ་ཡེ་ཤེས་དར་རྒྱས་ནས་བརྒྱུད་པའི་བོད་བཙན་པོའི་མཐའ་མཚམས་སྲུང་དམག་གི་ཁྱིམ་རྒྱུད་ལས་བྱུང་བར་གྲགས། སྤྱིར་ཐེ་བོ་སྟོད་སྨད་གཉིས་ལ་ཕལ་ཆེར་གཅིག་མཐུན་གྱི་སྐད་ཡོད་ཅིང་ཕན་ཚུན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཀྱང་། སྨད་ལ་སྐད་ལོགས་སུ་ཡོད་པས་ཐེ་བོའི་སྟོད་བར་གཉིས་ཀྱིས་སྨད་ལ་གློ་བུར་གོ་བརྡ་འཕྲོད་པའི་དཀའ་ངལ་ཡོད། ཐེ་བོ་ནི་ཨ་མདོ་ཡིན་པ་རྩོད་མེད་ཡིན་ཡང་ཐེ་སྟོད་ཀྱི་ཕྱེད་དང་བར་མའི་སྐད་ནི་ཨམ་སྐད་ལས་ཁམས་སྐད་དང་ཉེ་བ་ཡོད་ཅིང་ཉམས་ཞིབ་པ་ཁ་ཤས་ཀྱིས་ཁམས་སྐད་དུ་འདོད། འབྲུག་ཆུར་ད་ལྟའི་བར་དུ་བོད་དབུས་གཙང་ནས་འོངས་བའི་གཞས་དང་གཏམ་རྒྱུད་མང་པོ་དུས་ཆེན་དང་བསྟུན་ནས་སྟོན་རྒྱུ་ཡོད། ཁོང་ཚོས་ཁོང་ཚོའི་སྐད་ཡང་བོད་སྐད་ཡིན་པ་གཅིག་གྱུར་གྱིས་བསྒྲུབས་པ་མ་ཟད། བོད་དབུས་གཙང་ནས་མཆེད་པའི་བོད་མིའི་བརྡ་རྙིང་ཡིན་པར་བཤད། ཁོ་ཚོས་དབུས་གཙང་ནས་དར་བའི་ལྷམ་དང་གྱོན་ཆས་ཀྱི་ལག་ཤེས་ད་ལྟའང་རྒྱུད་འཛིན་བྱས་ཡོད་ལ། དུས་སྟོན་དང་བསྟུན་ནས་གོན་སྲོལ་ཡོད། གནས་དེ་ནི་རྒྱ་བོད་ས་མཚམས་ཡིན་ལ་ད་ལྟའང་མཐའ་མཚམས་ཀྱི་མཁར་ངོས་ལྷག་འཕྲོ་མཐོང་རྒྱུ་ཡོད།
གཅིག སྲིད་པའི་བོན་དར་བའི་འབྲུག་ཆུ་ས་ཁུལ།བོན་བསྟན་ནི་བོད་ཡུལ་རང་དར་གྱི་ཤེས་རིག་གི་བང་མཛོད་དང་འགྱུར་རྡོ་གསོན་པོ་ལྟ་བུ་ཡིན་པ་ཀུན་གྱིས་ཁས་ལེན་པ་བཞིན། འབྲེལ་ཡོད་ལོ་རྒྱུས་དཔྱད་ཡིག་དང་དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན། བོད་བཙན་པོའི་དུས་དཀྱིལ་དུ་བོན་གྱི་ཆོས་ལུགས་ཀན་ལྷོའི་བོད་ཁུལ་དུ་དར་རྒྱས་སུ་ཕྱིན། ལོ་རྒྱུས་ཀྱི་འགྱུར་བག་ཁྲོད་བོན་བསྟན་ལ་ཆགས་འཇིག་བྱུང་སྟེ། བོན་གྱི་དགོན་པ་མང་པོ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་འཛིན་པའི་དགོན་སྡེར་བསྒྱུར་ཏེ། ཀན་ལྷོའི་མངའ་ཁོངས་ཀྱི་བོན་དགོན་ཇེ་ཉུང་དུ་གྱུར། དམངས་གཙོ་བཅོས་བསྒྱུར་སྔོན་དུ་ཀན་ལྷོའི་ཁོངས་སུ་བོན་དགོན་15ཡོད་པ་ལས། ད་ལྟ་སླར་གསོའམ་མཉམ་བསྲེས་བྱས་པར་ཐེ་བོ་རྫོང་ཁོངས་སུ་བོན་དགོན་5དང་བསང་ཆུ་རྫོང་ཁོངས་སུ་བོན་དགོན་1 ཅོ་ནེ་རྫོང་ཁོངས་སུ་བོན་དགོན་1བཅས་བསྡོམས་པས་བོན་དགོན་7ལས་མེད་པར་གྱུར།
འབྲུག་ཆུ་ས་ཆར་ལོ་རྒྱུས་སུ་བོན་དགོན་འགའ་ཡོད་པར་བཤད་ཀྱང་། ད་ལྟ་འབྲུག་ཆུ་རྫོང་དུ་བོན་གྱི་ལྷ་ཁང་གསུམ་ལས་དགོན་པ་གཅིག་ཀྱང་མེད། ཡིན་ནའང་ཡུལ་བབ་དང་རྐྱེན་གཞན་དབང་ལས་འབྲུག་ཆུའི་བཞུར་རྒྱུན་ནི་བོན་བསྟན་ལ་གོད་ཆག་ཆེན་པོ་མ་ཐེབས་པའི་ས་ཆར་གྱུར་ཏེ། བོན་ཆོས་ཀྱི་རྒྱུན་རྩ་བ་ནས་ཆད་པའམ་བོན་གྱི་གནའ་དཔེ་རྩ་བརླག་ཏུ་གྱུར་པ་གཏན་ནས་མིན། འབྲུག་ཆུ་རྫོང་དུ་ཡུལ་ཤོག་དང་གྲོང་རྡལ་12ཡོད་པ་ལས། ཆུ་མགོ་ན་ཡུལ་ཤོག་གི་ཡུག་པོ་འགབ་དང་མར་ལམ་དང་གོང་སྨད་ཡུལ་ཤོག་གི་ལམ་འོག སྦྲ་ལུང་ཡུལ་ཤོག་གི་སྡེ་པ་ཁ་ཤས་དང་ཧན་པན་ཡུལ་ཤོག་གི་གསེར་པོ་དང་བོད་དམག ཀུ་ཏང་། ཆུ་བར་ཡུལ་ཤོག་གི་ཆུ་བར་དང་། ཆབ་འོག་ཡུལ་ཤོག་གི་མགོ་སྟེང་། ཧྥུན་ཏེ་ཡུལ་ཤོག་གི་ཧའོ་ཏེ་ཕིན། ཀ་ཙ་ལུང་པ། ཕེན་ཏིང་ཡུལ་ཤོག་གི་ལེ་བཟའ་སོགས་སྡེ་པར་བོན་གྱི་གྲོང་སྔགས་འགའ་རེ་ཡོད། འབྲུག་ཆུའི་རྫོང་ཁོངས་ཀྱི་སྡེ་པ་འགའ་ཤས་སུ་རྒྱ་བོད་འདྲེས་ནས་འདུག་པ་དང་། ས་དེའི་རྒྱ་རིགས་སྡོད་དམངས་ཀྱིས་བོན་ཆོས་ལ་དད་མོས་བྱེད་བཞིན་ཡོད། ཀྭ་ཙ་དང་མཁར་ནང་། མཁར་ཕྱི་སོགས་སྡེ་བའི་རྒྱ་རིགས་མཛད་སྒོའམ་ཆོས་ཀྱི་བཅའ་བ་རིམ་གྲོ་དང་འཕྲད་ཚེ་ཁོ་ཚོས་རྒྱ་རིགས་ཀྱི་ཏའོ་ཅའོ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་མ་ཟད་བོན་པོའི་གྲོང་སྔགས་ཀྱང་གདན་འདྲེན་ཞུ་བ་རེད་ཟེར།

གོང་གི་ཨ་མྱེས་ལེའུ་ཞེས་པའི་བོན་གྱི་གྲོང་སྔགས་ལ་མཚོ་སྔོན་ས་ཆར་བོན་ཞེས་འབོད་པ་དང་ཀན་སུའུ་ཅོ་ནེ་ས་ཆར་ཨ་མྱེས་ཞེས་འབོད་པ། སི་ཁྲོན་གཟི་ཚ་སྡེ་དགུ་ནས་ས་པ་ཞེས་འབོད་པ། ཐེ་བོ་ས་ཆར་ལེའུ་དང་སྔགས་པ། བོན་པོ་ཞེས་འབོད་པ། འབྲུག་ཆུ་ས་ཆར་ཀོང་པ་དང་སྔགས་པ་ཞེས་འབོད་པས། ས་གནས་སོ་སོའི་འབོད་སྟངས་མི་འདྲ་ཞིང་། ཁོང་ཚོའི་བྱེད་ལས་ཀྱང་ཞིབ་ཏུ་དབྱེ་ན་མི་འདྲ་ས་ཡོད་སྲིད། འབྲུག་ཆུའི་བོན་གྱི་གྲོང་སྔགས་དག་ནི་ཨ་མྱེས་ལེའུ་ཞེས་པ་ཡིན་པ་དང་། སྲིད་པའི་རྒྱུ་བོན་གྱི་ཆོ་ག་སྤེལ་བའི་གནས་ཚུལ་སོགས་གོང་དུ་བརྗོད་ཟིན། རྒྱུས་ལོན་བྱས་པ་ལྟར་ན་ཨ་མྱེས་ལེའུ་འམ་བོན་གྱི་གྲོང་སྔགས་དེ་གཙོ་བོར་ཀན་ལྷོའི་ཐེ་བོ་རྫོང་དང་འབྲུག་ཆུ་རྫོང་། ལྡོང་ཁྲོམ་རྫོང་། སི་ཁྲོན་རྔ་བ་ཁུལ་གྱི་མཛོད་དགེ་དང་ཆུ་ཆེན་རྫོང་དང་ཁྲོ་ཆུ་རྫོང་། གཟི་ཚ་སྡེ་དགུ་རྫོང་། འཕེན་ཝུའུ་རྫོང་། དཀར་མཛེས་ཁུལ་གྱི་ཉག་རོང་རྫོང་སོགས་སུ་ཁྱབ་འདུག་ཅིང་། དེ་དག་རིམ་བཞིན་གཡུང་དྲུང་བོན་དང་འདྲེས་པར་བཤད།


གོང་དུ་བརྗོད་པ་ལྟར། འབྲུག་ཆུའི་ས་ཁུལ་མང་ཆེ་ཤོས་ཀྱི་བོན་ནི་གཙོ་བོ་སྲིད་པའི་རྒྱུ་བོན་གྱི་ཆོ་ག་སྤེལ་མཁན་དག་རེད། ང་ཚོས་ཐེངས་འདིར་མཐོང་བའི་དཔེ་རྙིང་དག་ཏུ་དགྲ་བླ་དང་ཅང་སེ། ཝེར་མ་གསོལ་བ་ལས་སྔ་དུས་སུ་བོད་མི་དམག་ལ་ཆས་སྐབས་དམག་མིའི་དཔའ་བསྐྱེད་པའི་ཆོ་ག་སྤེལ་བ་ཞིག་ཡིན་ཞིང་། དགྲ་བོ་འདུལ་བའི་དམག་གཏམ་ཞེས་པ་ཤོག་ངོས་རིང་ཚད་ལ་སྨི་27.5དང་ཞེང་ཚད་ལ་སྨི་10ཡོད་པ། ཤོག་ངོས་15ཡོད་པའི་གླུ་ཚིག་ལག་བྲིས་རྙིང་པ་ཞིག་མཐོང་ཞིང་། ན་ནིང་ལོར་དགྲ་བོ་འདུལ་བའི་དམག་གཏམ་ཞེས་པ་དེ་དང་གླུ་ཚིག་གཞན་གཉིས་འབྲུག་ཆུ་རྫོང་སྲིད་གྲོས་ཀྱིས་བསྒྲིགས་པའི་འབྲུག་ཆུའི་རྒྱ་བོད་དམངས་གླུ་གཅེས་བསྡུས་སུ་བདམས་པ་རེད། སྡེ་གྲོང་རེ་རེར་བོན་གྱི་གྲོང་སྔགས་ཀྱི་གམ་དུ་བཅར་ཏེ་ང་ཚོའི་དམིགས་ཡུལ་དང་བོན་གྱི་དཔེ་རྙིང་མྱུར་སྐྱོབ་དང་གཅེས་སྲུང་བྱ་དགོས་པའི་གནས་ཚུལ་བཤད་རྗེས། ཁོ་ཚོས་ང་ཚོའི་བྱ་བ་ལ་དགོས་གལ་ཆེ་བར་འདོད་བཞིན་སོ་སོས་ཉར་བའི་དཔེ་རྙིང་བྲིས་མ་དང་མཆོད་ཆས་སོགས་ང་ཚོའི་མདུན་དུ་བཀྲམས་པ་མ་ཟད། ང་ཚོའི་པར་ལེན་དང་བརྙན་ཕབ་སོགས་དང་ལེན་བྱས།
འབྲུག་ཆུའི་བོན་གྱི་གྲོང་སྔགས་ཀྱི་བརྒྱུད་པ་མང་ཆེ་བ་ནི་མི་རབས་ཁྱིམ་རྒྱུད་ལྟར་སྐྱོང་བ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ཁྱིམ་རྒྱུད་ཀྱི་གྲོང་སྔགས་ལས་གཞན་སློབ་མ་སྐྱོང་བའི་སྲོལ་ཡང་བྱུང་། དཔེར་ན་ད་ལྟར་འབྲུག་ཆུ་གསེར་པོ་ལུང་པར་སྙན་གྲགས་ཅུང་ཆེ་བའི་གྲོང་སྔགས་ཧན་པན་ཡུལ་ཤོག་བོད་དམག་སྡེ་པའི་ལི་བཀྲ་ཤིས་ནི་ཁྱིམ་རྒྱུད་ཀྱི་གྲོང་སྔགས་ཡིན་ལ། ད་ལྟར་ཁོས་བུ་སློབ་དྲུག་སྐྱོང་བཞིན་ཡོད་པ་དང་། བོད་ཡུལ་ཡུལ་ཤོག་ཧ་བོ་ནང་སྡེ་པའི་ཁྱིམ་རྒྱུད་ཀྱི་གྲོང་སྔགས་དགུང་ལོ་གྱ་གཉིས་ལ་སོན་པའི་སྤྱང་སྟོན་སྟོན་པ་ཞེས་པ་དེས་བོན་བསྟན་རྒྱུད་འཛིན་མཁན་ཉམས་ཞན་དུ་འགྲོ་བའི་ཚུལ་ལ་གཞིགས་ནས་ལོ་ཉི་ཤུའི་ཡར་སྔོན་ནས་བཟུང་བུ་སློབ་བསྐྱངས། ཁོས་རང་ས་ནས་དད་བརྩོན་གྱི་ཚད་ལོངས་པའི་བུ་སློབ་བདུན་དབྱངས་གསལ་གྱི་སྦྱོར་ཀློག་ནས་ཡི་གེའི་འབྲི་ཆ། འདོན་རྟ་དབྱངས། གཏོར་མ་བཅའ་བཟོ། ཆོས་ཀྱི་ཆོ་ག་སྒྲུབ་སྟངས་ཀྱི་བར་དུ་བསྐྱངས་ནས་ས་དེའི་ཆོས་དད་མང་ཚོགས་ཀྱི་འདོད་དོན་བསྒྲུབས། ང་ཚོས་སྤྱང་སྟོན་སྟོན་པ་ལགས་ལ་དངོས་སུ་མཇལ་འདོད་པར་རྒྱང་རིང་ནས་ཁོང་གི་གམ་དུ་ལྷགས་ཀྱང་། ཡིད་ཕངས་པ་ཞིག་ལ་ལོ་ན་བགྲེས་པ་སོགས་ཀྱི་རྐྱེན་ལས་ཟླ་འགའི་སྔོན་ལ་ཁོང་ཉིད་ལ་སྙུན་ཕོག་སྟེ་མལ་སར་ལྷུང་བས་སོས་དྲག་ཏུ་གྱུར་མེད་སྟབས་ང་ཚོས་བཅར་འདྲི་བྱེད་མ་ཐུབ། ཁོང་གི་བུ་སློབ་བདུན་ལས་གཉིས་ཡུལ་གཞན་དུ་ལས་ཀར་སོང་བས། བུ་སློབ་ལྔ་པོས་ང་ཚོ་ས་དེར་བཅར་འདྲིར་སླེབས་པའི་གཏམ་དེ་ཐོས་འཕྲལ་ཚང་མ་དགེ་རྒན་སྤྱང་སྟོན་སྟོན་པ་ལགས་ཀྱི་ཁྱིམ་དུ་ཐོན། དགེ་རྒན་དམ་པའི་ཁྲིད་སྟོན་འོག་ཁོའི་བུ་སློབ་ཆེ་བས་ཡིག་རྙིང་གི་སྐུང་ཡིག་སྣ་ཚོགས་ཀློག་ཐུབ་པ་མ་ཟད། སྤུན་སློབ་རྣམས་ཀྱི་སྣེ་ཁྲིད་དེ་ཡུལ་དེའི་ཆོས་ཀྱི་ཆོ་ག་སྣ་ཚོགས་སྤེལ།


བཞི། རྟོག་ཞིབ་ལས་ཐོབ་པའི་འབྲས་བུ།
ཉིན་བཅུ་ལྷག་གི་རིང་ལ་ངེད་གཉིས་འབྲུག་ཆུ་ས་ཁུལ་གྱི་ནགས་སྤང་བྲག་རིས་ཁྱབ་པའི་ལུང་ཁོག་མང་པོ་བརྒྱུད་ཅིང་། ཡུལ་ལུང་ཐར་ཐོར་དུ་གྱུར་པའི་བོད་སྡེའི་གྲོང་སྔགས་ཁྱིམ་གཞིས་སུ་ཕྱིན་ཅིང་། སྔར་ནས་གྲ་སྒྲིག་བྱས་པའི་རྟོག་ཞིབ་རེའུ་མིག་ཏུ་གནས་ཚུལ་བྲིས་པའི་ཞོར་དུ་བརྙན་ཕབ་དང་པར་རྒྱག སྒྲ་ཕབ་སོགས་བྱས་མོད་ཀྱང་། བྱ་བ་དེ་ནི་ཞིབ་ཚགས་ལྡན་དགོས་པ་ཞིག་ཡིན་ཕྱིན་དུས་ཐུང་ཐུང་ཞིག་ཏུ་གནས་ཚུལ་རགས་རིམ་ཙམ་རྒྱུས་ལོན་བྱེད་པ་ལས་གསལ་ཆ་ལྡན་པ་ཞིག་མ་འཁྱོངས། ཡིན་ཡང་ངེད་གཉིས་ཀྱི་རྟོག་ཞིབ་ལས་འབྲུག་ཆུའི་བོད་ཁྱིམ་12ནས་བོན་ཆོས་པོ་ཏི་180ལྷག་དང་ཤོག་ལྷེ་2500 ཤོག་ངོས་21500ལོངས་པ། སྲུང་འཁོར་སོགས་དཔེ་རིས་80ལྷག མཆོད་ཆས་30སོགས་མཐོང་ཐུབ་པ་བྱུང་བ་དང་། རྟོག་ཞིབ་རྗེས་སུ་སློབ་ཆེན་གྱི་ཆེད་ལས་མཁས་པ་དག་ལ་བློ་འདྲི་དང་བརྟག་དཔྱད་བྱས་མཐར་གདེང་འཇོག་གནང་བ་གཤམ་གསལ།
ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ངག་དབང་རྒྱ་མཚོས་དཔེ་རྙིང་འདི་དག་གི་ཡི་གེའི་ཁྱད་ཆོས་དང་འབྲི་ལུགས། ཡིག་མགོའི་མཚོན་རྟགས། ཚིག་གི་བརྗོད་སྟངས་དང་བར་བཅུག་དཔེ་རིས། སྲུང་འཁོར་དཔེ་རིས་སོགས་ཀྱི་ཆ་ལ་ཐོག་མར་གསལ་འབྱེད་བྱས་མཐར། ཁོས་བལྟས་ན་དཔེ་རྙིང་འདི་དག་གི་ནང་དོན་ནི་སྲིད་པ་བོན་གྱི་ནང་དོན་མང་པོ་དང་གཡུང་དྲུང་བོན་གྱི་ནང་དོན་ཉུང་ཙམ་འདུ་བའི་བོན་ཆོས་བྲིས་མ་ཡིན་ཞིང་། ནང་དོན་གྱི་ཆ་ནས་གནམ་རིག་སྐར་རྩིས་དང་མོ་ཡིག་སྐོར། གསོལ་འདེབས་དང་གཏོར་བསྔོའི་སྐོར། ཐབ་ལྷའི་སྐོར། གསོལ་འདེབས་ཀྱི་སྐོར། མཆོད་པའི་གཞི་བདག་གི་སྐོར། དགྲ་བླའི་སྐོར། བླ་འགུག་གི་སྐོར། རིམ་གྲོའི་སྐོར་སོགས་ཡོད། བྲིས་ཀྱི་ཆ་ནས་བོན་གྱི་གནའ་དཔེ་དཀོན་པོ་འདི་རིགས་ཀྱི་འབྲི་སྟངས་མང་ཤོས་ནི་མཐོང་དཀོན་པའི་སྐུང་ཡིག་མང་པོས་བརྒྱན་ཞིང་། ནང་དོན་དང་འབྲི་ལུགས་གང་གི་ཆ་ནས་བལྟས་ཀྱང་། ཏུན་ཧོང་གི་བོད་ཡིག་དཔེ་རྙིང་ལས་བོན་པོའི་སྐོར་དང་། ཀན་སུའུ་ལྡོང་ཁྲོམ་ནས་རྙེད་པའི་བོན་ཆོས་དང་ཆ་འདྲ་བ་སྟེ། མིང་ངམ་ཚིག་གི་སྡེ་ཚན་སྐུང་ནས་བྲིས་པས་སྦྱོར་ཀློག་དཀའ་བ་ཞིག་ཡིན་ལ། རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཞིང་། དཔེ་རྙིང་དུམ་བུ་འགའ་རེའི་བར་དུ་དཔེ་རིས་ཀྱིས་ཁེངས་འདུག་པས། དཔེ་རིས་དེ་དག་ནི་བོན་གྱི་ཆོས་ལུགས་ཆོ་གར་གཏོགས་པས། ནང་དོན་དངོས་གནས་རྟོགས་དཀའ་བ་རེད། བོན་ཆོས་ཀྱི་དཔེ་རྙིང་འདི་དག་འབྲུག་ཆུ་བཞུར་རྒྱུན་གྱི་བོན་གྱི་རིག་གནས་ཀྱི་ཁྱད་རྟགས་ཞིབ་འཇུག་བྱེད་པར་གཞི་འཛིན་ས་མཁོ་སྤྲོད་བྱེད་ཐུབ་པས། རིག་གཞུང་གི་རིན་ཐང་ཆེན་པོ་ལྡན།
ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་རྡོ་རྗེ་རིན་ཆེན་གྱིས་བཤད་པར། དཔེ་རྙིང་འདི་དག་ཏུ་འབྲུག་ཆུའི་བཞུར་རྒྱུན་གྱི་བོད་མི་རིགས་ཀྱི་བསམ་པའི་སྙིང་སྟོབས་རིག་གནས་འཁོད་ཡོད་པས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཟི་མདངས་མངོན་པར་འཚེར་བ་མཚོན་འདུག་ལ། ཏུན་ཧོང་ཡིག་རྙིང་དང་འདྲ་བར་གནའ་དཔེའི་བྲིས་ཉམས་འབུར་དུ་ཐོན་པས། ལོ་རྒྱུས་དཔྱད་ཡིག་གི་རིན་ཐང་དང་ཞིབ་འཇུག་རིན་ཐང་ཆེན་པོ་ལྡན།
ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ཨ་མདོ་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ནམ་དགེ་རྒན་ཆེན་མོ་སངས་རྒྱས་མཁར་གྱིས་བལྟས་ན། ཀན་ལྷོའམ་ཨ་མདོ་ས་ཆར་བོན་ཆོས་ཀྱི་དཔེ་རྙིང་འདི་འདྲའི་མང་པོ་ཞིག་རྙེད་པ་ནི་དངོས་གནས་མཐོང་དཀོན་པ་ཞིག་ཡིན་པར་མ་ཟད། དཔེ་རྙིང་འདི་དག་ལས་བོན་ཆོས་རིག་གནས་ཞིབ་འཇུག་དང་། ཞང་ཞུང་གི་ཡི་གེ་དང་གནའ་བོའི་སྐུང་ཡིག་ཞིབ་འཇུག་བྱེད་པར་ཤིན་ཏུ་རྩ་ཆེ་བས་རིག་དངོས་ཀྱི་རིན་ཐང་ཆེ།
ཆེད་ལས་མཁས་པ་དག་གིས་ངོ་སྤྲོད་བྱས་པ་ལྟར་ན། དུས་རབས་བདུན་པར་བོད་བཙན་པོའི་སྲིད་དབང་བཙུགས་པ་ནས་བཟུང་། བཙན་པོ་རྒྱལ་རབས་རིམ་བྱོན་གྱིས་སངས་རྒྱས་ཆོས་ལུགས་སྤེལ་བ་དང་བོན་ཆོས་བཀག་འགོག་བྱེད་པའི་སྲིད་ཁྲིམས་སྤྱད་པས། བོན་པོའི་ཆོས་ལུགས་ལ་གྱོང་གུན་ཆེན་པོ་ཐེབས། བོན་གྱི་དཔེ་གཞུང་དག་བསྲེག་པ་དང་ཆུ་ལ་བསྐྱུར་བ། ཡང་ན་བྲག་སྲུབ་དང་དགོན་འདབས་སུ་སྦས་ཤིང་། ཆེས་ཉུང་ཤས་ཤིག་བོད་ཀྱི་དམངས་ཁྲོད་དུ་ཁྱབ་པ་བྱུང་། དམངས་ཁྲོད་དུ་ཁྱབ་པའི་བོན་གྱི་དཔེ་ཆ་དག་ནི་ཁྱིམ་རྒྱུད་ནས་དར་བ་དང་། དེའི་ཆོ་ག་དང་སྙན་བརྒྱུད་སོགས་བོད་ཀྱི་དུས་རབས་རིམ་བྱུང་དུ་མཆོད་གཞིས་གནས་སྤོས་དང་འགྲོགས་ནས་ཕྱོགས་མཐར་ཁྱབ་ཕྱིར་མཐོང་དཀོན་པར་གྱུར།
ས་དེའི་བོན་གྱི་གྲོང་སྔགས་ལེའུ་བཀྲ་ཤིས་ཀྱིས་བཤད་པར། བོན་གྱི་དཔེ་རྙིང་འདི་དག་ནི་ཁྱིམ་རྒྱུད་ཀྱི་ནོར་བུ་ལྟར་མཆོད་བཀུར་དང་གེགས་སེལ། གཡང་འགུག་སོགས་ཀྱི་སྐབས་སུ་མ་གཏོགས་བསྐུངས་ནས་བཞག་པ་ཡིན། རིག་གསར་གོད་ཆག་གི་སྐབས་སུ་རིག་དངོས་རྩ་ཆེན་མང་པོ་མེར་བསྲེགས། རང་སར་བོན་གྱི་དཔེ་རྙིང་ཅི་ཐུབ་ཀྱིས་རྫ་བྲག་གི་སྲུབས་སུ་སྦས་པ་དང་ཡང་ན་རྫ་སྣོད་དུ་བཅུག་པའམ་གྱང་བར་དུ་སྦས་ནས་བསྲུང་བ་ཡིན། ད་ལྟར། ཆེས་སེམས་ཁྲལ་བྱ་དགོས་པ་ནི་ཁྱིམ་རྒྱུད་ཀྱི་ཆོས་རྒྱུན་སྐྱོང་མཁན་མེད་པས་དཔེ་རྙིང་འདི་དག་རྩ་བརླག་ཏུ་འགྱུར་ཉེན་ཆེ།
ང་ཚོས་ཐེངས་འདིའི་རྟོག་ཞིབ་ཁྲོད་དུ། བོན་གྱི་དཔེ་རྙིང་དེ་དག་ལོ་མང་འགྱངས་པའི་ཁར་འཇོག་སའི་ཆ་རྐྱེན་ཞན་པ་དང་ཉར་ཚགས་མ་ལེགས་པས། གླེགས་བམ་གང་མང་ཧྲལ་ཧྲུལ་དང་རུལ་སུངས་སུ་གྱུར་ནས་ཡི་གེ་རབ་རིབ་ཏུ་སྣང་ལ། ལ་ལ་བརླན་གྱིས་ལྷན་དུ་འབྱར་བས་བཀླག་ཐབས་བྲལ། ཁྱིམ་ཚང་འགའ་རེས་དཔེ་རྙིང་རྣམས་གཞན་ལ་སྟེར་བའམ་བཙོང་པ། མེ་དང་ཆུ་ཡི་གནོད་འཚེ་ཐེབས་ངེས་པའང་སྲིད། དེའི་ཕྱིར་རིག་དངོས་རྩ་ཆེན་འདི་དག་རྩ་བརླག་ཏུ་འགྱུར་བ་དང་ཆོས་རྒྱུན་ཆད་ལ་ཉེ་བས། དེ་དག་ལ་མྱུར་སྐྱོབ་རང་བཞིན་གྱི་འཚོལ་སྒྲིག་དང་སྲུང་སྐྱོབ་ཐད་དུ་མཐོང་ཆེན་བྱས་ནས་མ་དངུལ་གྱི་རྒྱབ་སྐྱོར་གནང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པར་མཐོང་ངོ་། །
