༄༅།། ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ་མགར་ཐར་གནའ་མཁར།
ཡོང་ཁུངས། ཁམས་པའི་དྲ་བ།
མི་ཉག་འོད་ཟེར།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༧ ཚེས་ ༡༤

སྤྱིར་མི་ཉག་མགར་ཐར་གནའ་མཁར་དུས་ནམ་བཞེངས་ཀྱི་སྐོར་ལ་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་བཀོད་པ་ལས་སྔ་བ་ད་སྔ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ཀྱང་། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་ནས་མི་ཉག་མགར་ཐར་ནི་ཁམས་ཕྱོགས་ཀྱི་ས་གནས་གཙོ་བོ་ཞིག་ཡིན་པ་ཐང་གི་ས་བཀྲའི་ནང་དུ་ཁམས་ཕྱོགས་སུ་འདན་ཁོག་དང་མགར་ཐར་གཉིས་མ་གཏོགས་བཀོད་མེད་པ་ལས་དཔོག་ཐུབ། དེ་བས་མགར་ཐར་གནའ་མཁར་ནི་བོད་བཙན་པོའི་རྒྱལ་རབས་དུས་སྐབས་ནས་ཡོད་ཅེས་སྨྲ་ན་མི་འགྲིག་པ་མེད་པ་ཞིག་ཏུ་ཆགས་ཡོད། ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་སེ་ཆེན་རྒྱལ་པོས་འཇང་ལ་དཔུང་འཇུག་བྱེད་སྐབས(元宪宗二年1252年)ཡས་མས་སུ་མགར་ཐར་གནའ་མཁར་བཞེངས་པ་ཡིན་ཚུལ་ཡོན་གྱི་ལོ་རྒྱུས་སུ་ཁ་གསལ་བཀོད་འདུག་ཅིང་། དེང་དུས་མི་ཉག་མགར་ཐར་ལ་རྒྱའི་ཡིག་ཚང་དུ(合达)ཞེས་བྲིས་འདུག དེ་བས་མགར་ཐར་གནའ་མཁར་འདི་ཉིད་བོད་བཙན་པོའི་དུས་སྐབས་ནས་ཡོད་ཅིང་ཡོན་གྱི་དུས་སྐབས་སུ་དམག་དོན་གྱི་ལྟེ་བ་ཞིག་ཡིན་པར་མ་ཟད་མདོ་སྨད་ཕྱོགས་ཀྱི་དངུལ་འབྲུའི་སྤྱི་ཁྱབ་དོ་དམ་བྱེད་གནས་ཤིག་ཀྱང་གནས་འདིར་གཉེར་མྱོང་ཡོད།
མིང་རྒྱལ་རབས་ཀྱི་དུས་སྐབས་སུ་གནའ་མཁར་འདི་ཉིད་ནི་རྒྱ་བོད་བར་འགྲོ་འོང་བྱེད་སའི་ས་ཚིགས་གལ་ཆེན་ཞིག་ཡིན་ཅིང་། ཁམས་པའི་བྱང་རྒྱུད་ནས་བོད་དུ་བསྐྱོད་ན་ངེས་པར་དུ་བརྒྱུད་དགོས་པའི་འགྲུལ་ཚིགས་ཤིག་ཀྱང་ཡིན། དེ་བས་མིང་རྒྱལ་རབས་ཀྱི་དུས་སྐབས་སུ་དར་ཁྱབ་ཆེ་བའི་ཇ་རྟའི་གནའ་ལམ་གྱི་འགག་གནས་ཤིག་ཀྱང་ཡིན་པ་སྨོས་མེད་རེད།

མགར་ཐར་གནའ་མཁར་གྱི་ནང་དུ་རྒྱ་ལུགས་ཅན་གྱི་ལྷ་ཁང་གཉིས་ཡོད་པ་དེ་ནི་ཡོན་རྒྱལ་རབས་དང་མིང་རྒྱལ་རབས། ཆིང་རྒྱལ་རབས་ཀྱི་དུས་སྐབས་གང་གི་དུས་སུ་བཞེངས་པ་ཡིན་པ་ཁ་ཚོན་གཅོད་དཀའ་ནའང་། གེ་སར་ལྷ་ཁང་དང་ས་བདག་ལྷ་ཁང་ཞེས་བྱ་བའི་རྒྱ་ལུགས་ལྷ་ཁང་འདི་གཉིས་ནི་ཡུལ་འདིར་རྒྱ་རིགས་འབོར་ཆེན་སླེབས་པའི་རྗེས་སུ་ཁོ་ཚོས་དད་རྟེན་དུ་བཞེངས་པ་ཡིན་འདུག ཆིང་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་མཆོག་བདུན་པའི་སྐུ་སྲུང་དམག་མི་ཉིས་སྟོང་ཡས་མས་འདི་ན་བཅའ་སྡོད་བྱས་ཡོད་ལ། མིང་དང་ཆིན་གྱི་དུས་སྐབས་སུ་ཚོང་པ་དང་། གཏེར་རྐོ་མཁན་རྒྱ་མི་འབོར་ཆེན་འདི་ན་གནས་བཅས་ཡོད་འདུག
གནའ་མཁར་འདི་ཉིད་ཀྱི་དབྱིབས་དང་གཞི་ཁྱོན་ཐད་ལ་བཤད་རྒྱུན་མང་པོ་ཡོད་གཤིས། གནའ་མཁར་གྱི་དབྱིབས་ནི་གོང་མའི་ཞབས་ལྷམ་གྱི་དབྱིབས་ལྟར་དུ་བཞེངས་པ་ཡིན་ཚུལ་ངག་རྒྱུན་ན་འདུག་ཀྱང་འདི་ནི་ས་དབྱིབས་ཀྱི་རང་བཞིན་ལས་ལྷམ་གྱི་རྣམ་པ་ཞིག་མངོན་ཡོད་པ་ལས་མིས་ཆེད་དུ་བཟོས་པ་ཞིག་མིན་པ་ཐག་གིས་གཅོད་ཐུབ། ད་དུང་གནའ་མཁར་འདི་ཉིད་ལས་འཕྲོས་ཏེ་གནའ་བོའི་རྗེས་ཤུལ་ཇི་སྙེད་ཅིག་སྔོག་འདོན་བྱ་མ་ཐུབ་པར་ལུས་ཡོད་ལ་བགྲང་ལོ་སྟོང་གི་གནའ་ཤུལ་འདི་ཉིད་ཀྱི་གཞི་ཁྱོན་དང་བརྗིད་ཉམས། རིན་ཐང་སོགས་སྐྱེ་འགྲོའི་མིག་གི་དགའ་སྟོན་དུ་ལོངས་སུ་སྤྱད་ཐུབ་མེད།
གཞི་ཁྱོན་གྱི་ཐད་ལ་གོང་མའི་ལྷ་སྲས་བཅུ་བདུན་པ་ཀོ་ཆིན་ཝང་མི་ཉག་མགར་ཐར་དུ་རྒྱལ་མཆོག་བདུན་པ་བོད་དུ་ཕེབས་སྐྱེལ་ཞུ་བར་ཕེབས་སྐབས་ཉིན་ཐོའི་རྣམ་པས་བྲིས་པ་ཞིག་ལས་གསལ་བ་ལྟར། མགར་ཐར་མཁར་དེ་མགར་ཐར་ཡུལ་གྱི་ཤར་རིའི་འདབས་སུ་ཡོད་ཅིང་། རྒྱ་ལུགས་ཀྱི་རྣམ་པའི་ཐོག་མཁར་དང་གྱང་མཁར་བཞེངས་ཡོད་ཅིང་གྱང་མཁར་ནི་ས་སེར་པོས་བཞེངས་པ་ཡིན། མཐོ་ལ་སྨི་9དང་ཞེང་ལ་རྟ་པ་8གྲལ་བསྟར་འགྲོ་ཆོག གྲོང་མཁར་ལ་སྐོར་བ་ཞིག་རྒྱབ་ན་ཆེས་ཆེ་བའི་རྐང་རྗེས་ཤིག་དང་འདྲ་བར་ལྷོ་དང་བྱང་གཉིས་རྒྱ་ཆེ་ཞིང་ཤར་ནུབ་གཉིས་དོག་པོ་ཡོད། མི་རིང་བའི་གནས་སུ་ད་དུང་ཡུལ་མིའི་ཐོག་མཁར་འགའ་ཞིག་ཡོད་ཅེས་བཀོད་ཡོད་པ་ལས་ཤེས་ཐུབ།
མགར་ཐར་གནའ་མཁར་ད་སྐབས་ཞིག་རལ་དུ་གྱུར་ཏེ་རྗེས་ཤུལ་མ་གཏོགས་མི་འདུག་ཀྱང་འདས་པའི་ལོ་རྒྱུས་ཀྱི་ངོ་གདོང་ངོས་སུ་གནས་འདི་ན་སྲིད་ཀྱི་བ་དན་དགུང་དུ་འཕྱར་མྱངས་ལ། དཔལ་འབྱོར་གྱི་མཚོ་མོ་རླབས་དུ་རྩེན་ཞིང་རིག་གནས་ཀྱི་དུང་སྒྲ་གླིང་བཞིར་བསྒྲགས་མྱོང་། །
