ཐང་སྟོང་རྒྱལ་པོ་དང་མི་ཉག་ལྕགས་ཟམ།
ཡོང་ཁུངས། ངེད་དྲ་བ།
ཡེ་ཤེས་མགོན་པོ།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༦ ཚེས་ ༢༡

དེ་ནས་རྒྱ་ནག་རི་བོ་རྩེ་ལྔ་ནས་གྲུབ་ཐོབ་ཆེན་པོ་སླར་ཡང་དར་མདོར་ཕེབས། དར་རྩེ་མདོ་ནས་གྲྭ་པ་ཕོ་མོ་རྙིང་པ་རྣམས་དང་ཁམས་པ་ཕྱགས་ཕྱིར་འབྲངས་པ་མང་པོས་རྟ་དྲེའུ་མཛོ་གཡག་སོགས་ལ་ཁལ་གང་ཐེག་བཀལ། མ་ཐེག་པ་རྣམས་རིམ་གྱི་དང་བླངས་སྟོབས་ཅན་ལ་བསྐུལ་ནས་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས། མི་ཉག་ཡུལ་གྲུ་ཀུན་གྱི་མི་ཚོས་གྲུབ་ཐོབ་ཆེན་པོ་ལྕགས་ཟམ་པ་ཕེབས་བྱུང་ཟེར་ནས་མདའ་རྩེ་དང་རྩེད་མོ་སྣ་ཚོགས་བྱེད་ཅིང་། ཇ་ཆང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ། ཚོགས་འཁོར་རྒྱ་ཆེན་པོ་དང་ཆོས་འབྲེལ་ཞུས། མི་ཞིག་གིས་རལ་གྲི་ཞིག་ཕུལ། མི་ཉག་ཡུལ་མཁར་གླིང་དུ་བཞུགས་པའི་སྐབས་སུ་མི་ཉག་ཡུལ་སྡེ་ཆེ་བས་རྒྱུན་དུ་འཐབ་རྩོད་བྱུང་ཞིང་དམེ་འཁྲུགས་མང་པོ་ཡོད་པ་ཞི་འཇགས་སུ་བཏང་། ཕོ་མོ་མང་དུ་ཚོགས་བྱུང་བར་ཆོས་འབྲེལ་མཛད། རྟ་དྲེའུ་གསེར་དངུལ་གོས་དར་སོགས་འབུལ་བ་མཐའ་ཡས་པ་བྱུང་། ཐང་སྟོང་རྒྱལ་པོས་མི་ཉག་གླིང་ཆུ་ཁྲ་མོ་ཡིས་འཇིག་རྟེན་གྱི་མི་རྣམས་ལ་བརྒལ་དཀའ་བའི་འཇིགས་སྣང་རྒྱུན་དུ་སྟེར་བ་མཁྱེན་ནས་མི་སེར་དག་གིས་འབུལ་བའི་རྒྱུ་ནོར་མཐའ་དག་གིས་ངར་ལྕགས་ཤ་སྟག་ཉོས་ནས་ལྕགས་ཐག་བཞི་ཅན་དཔྱང་བའི་ལྕགས་ཟམ་ཞིག་བཙུགས་པ་རེད། ལྕགས་ཟམ་དེ་ད་ལྟར་དར་མདོ་རྫོང་འགག་པ་ཤང་གི་མངའ་ཁོངས་སུ་ཡོད།
