༄༅།། གླིང་རྗེ་གེ་སར་དང་འབྲེལ་བའི་ས་མིང་སྐོར།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༦ ཚེས་ ༡༧

༄༅།།སེར་བོ་ཧོར་གྱི་སྐོར།
རྩོམ་པ་པོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།
མཁན་པོ་སུམ་ཅུ་བ་མཁྱེན་རབ་དབང་ཕྱུག་ངག་དབང་དགེ་ལེགས་རྒྱ་མཚོ་ནི།བདེ་དགུ་ཆེ་བ་དཔལ་ལྡན་རྒྱ་མཚོའི་སྐུ་སྐྱེ་གསུམ་པ་ཡིན་ཞིང་།འཁྲུངས་ཡུལ་གྱི་མིང་ནི་ཤར་ཡུ་གུར་དུ་གྲགས་ལ། དེ་ནི་གེ་སར་གྱི་ལོ་རྒྱུས་སུ།ཧོར་གུར་སེར་ཞེས་འབྱུང་བ་དེ་ཡིན་ཞིང་རྒྱལ་པོ་སྐུ་ལྔ་བོད་དུ་བྱོན་པའི་ལོ་རྒྱུས་སུ།བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ།ཟེར་བའི་ཧོར་གྱི་ཡུལ་ཡང་འདི་ཉིད་ཡིན་ཞེས་མང་པོ་ཞིག་གིས་གླེང་བ་བདེན་པ་འདྲ་སྟེ།སོག་སྐད་ལ་ཤ་ར་ཨུར་གེ་ཞེས་པ་གུར་སེར་བོ་ཟེར་བ་ཡིན་པས་ཨུར་གེ་སྒྲ་ལོག་པས་ཡུ་གུར་ཞེས་བོད་སམ་སྙམ་ཞིང་།བྷ་ཏ་རུ་བ་ཟེར་བའི་ཕ་ཚོ་གཅིག་དང་།སྒོམ་གྲྭའི་ཤུལ་ཡིན་ཟེར་བའི་གྱང་རོ་འགའ་ཞིག་ད་དུང་ཡང་སྟོན་རྒྱུ་འདུག་ལ།རྒྱལ་པོའི་རིགས་ཀྱི་དཀོར་བདག་གདུག་པ་ཅན་མང་ཞིང་།དེ་རྣམས་མཆོད་ལུགས་ཀྱང་རྒྱལ་གསོལ་དང་དབྱིབས་འདྲ་བར་སྣང་ངོ་། །《ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་དཀར་ཆག》གི་ཤོག་ངོས་107ནས་བཤུས།)