༄༅།།དམངས་གླུ་ཐོས་དགའ་རང་གྲོལ།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས།
མི་ཁྲོད།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༢༩

དཀར་པོ་བལ་གྱི་གདན་སྟེང་ན། །

མགོ་དཀར་པོ་ཅན་གྱི་ཕ་མ་བཞུགས། །

དུས་ཡང་ཡང་བཞུགས་པའི་སྨོན་ལམ་འདེབས། །

གོམ་ལག་ཅན་གྱི་རྟ་ཐོག་ན། །

ལྡེམ་མྱུར་ཅན་གྱི་བུ་ཆུང་སྐྱིད། །

དུས་ཡང་ཡང་སྐྱིད་པའི་སྨོན་ལམ་འདེབས། །

 

ཕ་ཨ་ཁུ་རྒས་རྒས་སྡོང་རྒས་རེད། །

སྡོང་རྒས་རུང་སྡོང་ལོ་ལྗང་ཁུ་རེད། །

མ་བུ་མོ་རྒས་རྒས་འབྲི་རྒས་རེད། །

འབྲི་རྒས་རུང་འབྲི་མར་སེར་པོ་རེད། །

 

བུ་ཚ་བོ་རྒས་རྒས་ཁྲ་རྒས་རེད། །

ཁྲ་རྒས་རུང་ཁྲ་སྒྲོ་སྨུག་པོ་རེད། །

དགུང་ཨ་སྔོན་བསྟོད་བསྟོད་སྤྲིན་གྱིས་བསྟོད། །

སྤྲིན་མ་འདང་ས་འོག་སྤྲིན་གྱིས་བསྟོད། །

 

ནང་ཁྲོམ་པ་བསྟོད་བསྟོད་གླུ་ཡིས་བསྟོད། །

གླུ་མ་འདང་ས་འོག་ཆང་གིས་བསྟོད། །