༄༅།།༄༅།།གྲངས་བཅུ་མཚོན་པའི་སྙན་ཚིག་ཨདརྴ་ཞེས་བྱ་བ་བཞུགས་སོ།།
ཁ་དོག་གཅིག་པའི་འདུག་སྟེག་མདུན་ཅོག་གི་སྟེང་དུ། །
ལས་གནས་གཅིག་པའི་རྒྱལ་དོན་མཉམ་སྒྲུབ་ཀྱི་མཛའ་གྲོགས། །
ཕུགས་འདུན་གཅིག་པའི་རེ་བའི་རུམ་ཁོངས་སུ་ཉར་བའི། །
དུས་ཚོད་གཅིག་ཐོག་འཛོམས་པའི་སྒྲིག་གཞི་འདི་ངོ་མཚར། །
རེ་དོགས་གཉིས་ཀྱི་དཀའ་བའི་ལམ་འཕྲང་ཞིག་རྒྱུད་ནས། །
ཐོབ་ཤོར་གཉིས་ཀྱི་དཀར་ནག་ངོ་ཟུམ་ཞིག་བསྡུས་ནས། །
རྒྱ་བོད་གཉིས་ཀྱི་དཔུང་གདང་མཉམ་གཤིག་གི་ཚུལ་གྱིས། །
ལ་ལུང་གཉིས་དེ་རྒལ་བའི་གོམ་སྟབས་ཤིག་བསྒྱུར་ཡོད། །
སྐབས་གསུམ་ལྷ་ཡི་ཞལ་ཟས་རོ་བརྒྱ་ཞིག་བཞེས་ནས། །
ཁམས་གསུམ་དབང་དུ་བསྡུ་བའི་སྤོབས་པ་དང་བཅས་ཏེ། །
སྲིད་གསུམ་ཟིལ་གྱིས་གནོན་པའི་མངའ་ཐང་དེ་མེད་ཀྱང་། །
དུས་གསུམ་ལས་ལ་གཞོལ་བའི་སྤོབས་སེམས་འདི་མི་འདོར།།
ཐོག་བརྩེགས་གྲུ་བཞིའི་གཞུང་ལས་ཁང་བཟང་དུ་ཞུགས་ནས། །
གློག་ཀླད་གྲུ་བཞིའི་འཆར་ངོས་རྩོམ་སྒྲིག་གི་ལས་ལ། །
ཕྱོགས་བཅུ་དུས་བཞིའི་སྲིད་དོན་གསར་འགྱུར་དང་སྒྲོག་འགྲེལ། །
དཔེ་དེབ་སྒྲོམ་བཞིའི་འདོད་དོན་མཁོ་སྤྲོད་ཅིག་ཞུས་ཡོད།།
ལྗོངས་ཞིང་ལྔ་ཡི་གཞུང་ལམ་སྐུད་པ་དེར་རྒྱུད་ནས། །
རང་བྱུང་ལྔ་ལྡན་མཐོ་སྒང་རི་ཀླུང་གི་བཀོད་པ། །
དབང་པོ་ལྔ་ལ་འདོད་ཡོན་མཆོད་སྤྲིན་ལྟར་གཏིབ་པའི། །
བདུད་རྩི་རྣམ་ལྔ་སྤྱོད་པའི་ལས་སྐལ་ཞིག་ལྡན་སོང་།།
སྒང་དྲུག་རི་བོའི་སྒལ་ཚིག་རི་དྭགས་བཞིན་རྒལ་སྟེ། །
ཚོགས་དྲུག་ཡུལ་གྱིས་བྲིད་པའི་སྣང་བ་འདིས་སྐྱོམ་དུས། །
ཆས་དྲུག་ལུས་ལ་རྫོགས་པའི་གོམ་སྟབས་ཤིག་བསྒྱུར་ཚེ། །
བཅུ་དྲུག་ལང་ཚོ་བཞད་པའི་ན་གཞོན་དང་ཁྱད་ཅི། །
བདུན་ཕྲག་གཅིག་གི་གཟའ་མཇུག་ངལ་གསོ་དང་བསྟུན་ནས། །
བདུན་རྒྱུད་གཉེན་དང་ཉེ་དུ་གྲོགས་པོ་དང་ལྷན་དུ། །
མདུན་ཚར་སྡེར་ཁའི་བཟའ་བཏུང་མཆོད་པ་ལ་རོལ་ཚེ། །
བདུན་དགུའི་ལང་ཚོ་སླར་ཡང་གཟི་ཉམས་ཤིག་བརྟས་སོང་། །
རྟགས་བརྒྱད་དཔལ་བེའུ་སླས་འདྲའི་སེམས་ལས་ཀྱི་ངལ་བས། །
དལ་བརྒྱད་རང་གིས་བརླགས་པའི་སྡུག་བསྔལ་གྱི་བསྣོན་མ། །
བཅོ་བརྒྱད་ལང་ཚོ་རྒུད་པའི་འགྲུབ་མེད་ཀྱི་སྟོང་བསམ། །
ཆོས་བརྒྱད་རླུང་ལ་བསྐུར་བའི་ཐབས་ཤེས་ཤིག་སྟོན་ན། །
སྐྱེ་དགུའི་འགྲོ་འདི་འདོད་ཆུང་ཆོག་ཤེས་ཀྱིས་ལམ་ནས། །
མཁོ་དགུའི་ཡོ་བྱད་གནས་ལུས་ལོངས་སྤྱོད་ཀྱི་འཚོ་ཚིས། །
ཚུལ་དགུའི་སྤྱོད་ལམ་དམ་པའི་རྣམ་ཐར་ལ་བལྟས་ཚེ། །
ཐབས་དགུའི་རང་སྡེའི་རིགས་དང་བསྟུན་པ་འདི་ངོ་མཚར། །
ཕྱོགས་བཅུའི་འགྲོ་འདིའི་བདེ་སྡུག་ལས་སྣང་ལ་བསམ་ཚེ། །
ས་བཅུའི་སེམས་དཔའི་ཐུགས་རྗེ་འགག་མེད་ཀྱི་རང་རྩལ། །
ཕྱིན་བཅུའི་རྟག་ཁྱབ་འགྲོ་དོན་ཆུ་བོ་ཡི་རྒྱུན་བཞིན། །
དབང་བཅུའི་དངོས་གྲུབ་ཆར་ཆེན་མི་འབེབས་པ་ཅི་ཞིག །
ཞེས་པ་ནི་གྱི་ན་བ་དབང་ཆེན་གྱིས་གང་ཤར་དུ་སྨྲས་ཏེ་ཡིག་གེར་ཕབ་པ་འདིས་ཀྱང་ཀུན་གྱི་ཐོས་འཛིན་རྒྱན་གྱི་དཔལ་དུ་འགྱུར་བར་སྨོན།།
