༄༅།  །ཤེས་རབ་འོད་དུ་འཚེར་བའི་ལོ་ངོ་ཉིས་བརྒྱའི་རྗེས་སུ་དྲན་པ།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
བསྟན་འཛིན་ལུང་རྟོགས་ཉི་མ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༨ ཚེས་ ༣

        གངས་ལྗོངས་མདོ་ཁམས་ཁུལ་གྱི་ཆེས་ཐོག་མའི་བཤད་གྲྭ་བྱུང་བ་མདོ་ཙམ་བརྗོད་པ་ལ། རབ་བྱུང་བཅུ་བཞི་པའི་མེ་ཁྱི་ལོ་སྟེ་ཕྱི་ལོ་༡༨༢༦པར་སྔ་འགྱུར་བསྟན་པའི་གསལ་བྱེད་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པའི་སྐྱེས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་དགུང་གྲངས་ཉེར་བདུན་ལ་ཕེབས། ལོ་དེར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཞལ་མཇལ་ཆེད་རུ་དམ་རྫོགས་ཆེན་གདན་སར་ཞབས་པད་བཀོད། སྐབས་དེར་སྔ་འགྱུར་རྙིང་ཕྱོགས་སུ་བཤད་པའི་གྲྭ་མཚན་ཉིད་དང་ལྡན་པ་གཅིག་ཀྱང་མེད་ཕྱིར། སྒྲིབ་བྲལ་མཁྱེན་པའི་མངའ་བདག་རྫོགས་ཆེན་བཞི་པས་ཕྱི་མཐའི་བསྟན་རྒྱུན་ལ་གཟིགས་པ་རྒྱང་རིང་པོས། མཁས་གྲུབ་ཀྱི་སྐྱེས་ཆེན་མཆོག་ལ་བཤད་པའི་སྡེ་གྲྭ་ཞིག་འཛུགས་པར་བཀས་བསྐུལ། རྒྱལ་སྲས་གཞན་ཕན་མཐའ་ཡས་རྫོགས་ཆེན་དགོན་ལས་རྒྱང་གྲགས་ཀྱིས་ཆོད་ཅིང་མཁས་པའི་ལྗགས་སམ་ཤེས་རབ་རལ་གྲིའི་དབྱིབས་དང་མཚུངས་པའི་རི་ཕྲན་སྟེང་ས་བཙལ་དུ་ཕེབས་པ་ན། མཁས་པ་ཤྲཱི་སེང་ཧ་ཧེ་རུ་ཀའི་ཆས་ཅན་ཨང་རག་དམར་པོ་གསོལ་བ་རྡོ་ཕ་བོང་ཞིག་གི་སྟེང་དུ་བཞུགས་པ་དང་མཇལ། ཐུགས་ཡིད་བསྲེས་པས་རྗེས་སུ་བཟུང་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཅར་ཕོག་ཏུ་འཕོས། སློབ་དཔོན་ཤྲཱི་སེང་ཧ་དེ་ཉིད་དུ་ཐིམ་སྟེ་མི་སྣང་བར་གྱུར་ཀྱང་སྐུ་རྗེས་གསལ་པོ་རྡོ་ལ་དོད་པ་དེང་སང་ཡང་མ་ཉམས་པར་མཇལ་དུ་བཞུགས། བཤད་པའི་སྡེ་གྲྭ་དེ་ཉིད་དུ་ཕྱག་འདེབས་རྒྱུའི་ཐུགས་ཐག་ཆོད་ཅིང་མཚན་ཡང་ཤྲཱི་སེང་ཧའི་ཆོས་གྲྭ་ཞེས་བཏགས། ལོ་དེ་རང་དུ་ཐུབ་བསྟན་ཉིན་བྱེད་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་བཞེངས་པ་དང་བསྟུན། སོ་ཐར་སྡོམ་རྒྱུན་གནང་ཞིང་གཞི་གསུམ་ཕྱག་བཞེས་གཙང་དག་སྤེལ་བས། དེང་དུས་སྔ་འགྱུར་ཕྱོགས་སུ་རབ་བྱུང་ངུར་སྨྲིག་གི་སྡེ་ཆེན་པོ་འཕེལ་ཏེ་ས་ཆེན་པོ་ཡོངས་སུ་ཁྱབ་པའི་སྣང་ཚུལ་འདིའི་དབུ་བརྙེས། དུས་མཚུངས་རྗེ་ཉིད་ཀྱིས་སྡོམ་གསུམ་རྣམ་ངེས་དང་། བྱམས་ཆོས་སྡེ་ལྔ། ཡོན་ཏན་མཛོད་འགྲེལ། རྩ་རྒྱུད་གསང་བ་སྙིང་པོ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་མཛད་པས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་ཞལ་སློབ་མཁས་གྲུབ་མང་པོ་བསྐྱེད་བསྲིངས་བྱུང་བ་དང་། སྔར་ཨོ་རྒྱན་སྨིན་གྲོལ་གླིང་སོགས་དབུས་གཙང་དུ་ཕེབས་ནས་ཐ་སྙད་རིག་གནས་ནས་མདོ་སྒྱུ་སེམས་གསུམ་གྱི་དབང་ལུང་མན་ངག་རྒྱུད་བཤད་ཕྱག་བཞེས་བཅས་ལ་གསན་བསམ་བྱང་ཆུབ་པའི་དགེ་བའི་བཤེས་གཉེན་སེང་ཕྲུག་པདྨ་བཀྲ་ཤིས་མཆོག་ཆོས་གྲྭའི་མཁན་རབས་དང་པོར་བསྐོས། དུས་དེར་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་ཕྱིན་ཆད་བཤད་གྲྭ་འདིར་འཇིགས་མེད་སེང་ཆེན་ལྟ་བུའི་མཁས་པའི་ཚང་བརྡོལ་བའི་རྟེན་འབྲེལ་ལེགས་ཞེས་བཀའ་ལུང་བསྩལ། ལོ་དེར་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེས་བརྟུལ་ཞུགས་ཀྱི་སྤྱོད་པས་ས་འདུལ་མཛད་དེ་གནས་གཞི་བྱིན་གྱིས་བརླབས། དེ་ལྟར་མཁས་གྲུབ་སྐྱེས་ཆེན་རྣམ་གཉིས་ནས་ཐོག་མར་ཕྱག་བཏབ་ཅིང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་མཁན་ཆེན་པདྨ་བཛྲ་སོགས་ཀྱིས་རྒྱུན་བསྐྱངས། བར་དུ་མཁན་ཆེན་གཞན་ཕན་སྣང་བ་སློབ་བརྒྱུད་དང་བཅས་པས་ཕྱོགས་སུ་དར་རྒྱས་སུ་སྤེལ་བ་སྟེ། ས་བཀའ་རྙིང་གསུམ་གཙོ་བོར་གྱུར་པའི་རིས་སུ་མ་ཆད་པའི་མཁས་པ་བརྒྱ་ཕྲག་འགའ་བསྐྱེད་བསྲིངས་ཤིང་ཆོས་གྲྭ་རང་གི་མཁན་རབས་ཀྱི་ཁྲིར་བཞུགས་པ་ཁོ་ནའང་གནའ་དུས་སུ་སོ་གསུམ་བར་བྱོན། ཐོག་མའི་དུས་སུ་བསྟན་འགྱུར་ཁྲོད་ཀྱི་རྒྱ་གཞུང་རྩ་འགྲེལ་དང་ཀུན་མཁྱེན་རོང་ཀློང་གི་གསུང་རབ་དག་ལ་འཆད་ཁྲིད་མཛད་སྲོལ་ལ།  ཕྱིས་སུ་མཁན་ཆེན་གཞན་ཕན་སྣང་བས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་ལ་རྒྱས་བསྡུས་འཚམ་པའི་རྒྱ་མཆན་བཏབ་སྟེ་ཆོས་གྲྭའི་ཡིག་ཆར་གཏན་ལ་ཕབ་པས། གངས་རིའི་ལྗོངས་སུ་དཔལ་ནཱ་ལེནྡྲའི་གཞུང་ལུགས་གཙང་མ་བཅོས་ལྷད་མེད་པར་འཆད་སྤེལ་མཛད་པའི་ཆོས་གྲྭ་གཅིག་པུར་གྱུར་པ་མ་ཟད། མཁན་ཆེན་གཞན་ཕན་སྣང་བ་སློབ་དང་ཡང་སློབ་ཀྱིས་དཔལ་སྤུངས་དང་ཟུར་མང་བཤད་གྲྭ། རྫོང་སར་དང་སྐྱེ་དགུའི་བཤད་གྲྭ། རྫ་རྒྱུད་ལྕང་མ་དང་དགེ་གོང་སོགས་བོད་ཡུལ་མཐའ་དབུས་ཀུན་ཏུ་བཤད་པའི་གྲྭ་བཅུ་ཕྲག་འགའ་དང་ལྷོ་ལྗོངས་འབྲས་འབྲུག་གི་ཡུལ་དུའང་བཤད་པའི་སྡེ་བཙུགས་ཤིང་འཆད་རྒྱུན་འཕེལ། སྔ་ཕྱིར་རིས་མེད་མཁས་པའི་དབང་པོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་ནོར་བུ། གཞན་ཕན་ཆོས་ཀྱི་སྣང་བ། རྒྱལ་རོང་བསྟན་འཛིན་གྲགས་པ། མཁན་ཆེན་ཡོན་ཏན་རྒྱ་མཚོ། འབའ་མདའ་དགེ་ལེགས་རྒྱ་མཚོ། མི་ཉག་ཀུན་བཟང་བསོད་ནམས། ཚོགས་ཤུལ་ནོར་བུ་བསྟན་འཛིན། གླག་བླ་བསོད་ནམས་ཆོས་འགྲུབ། མཁན་ཆེན་ངག་གི་དབང་པོ། དབོན་སྟོད་མཁྱེན་རབ་ཆོས་ཀྱི་འོད་ཟེར། ཟུར་མང་པདྨ་རྣམ་རྒྱལ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་སོགས་སྐྱེས་ཆེན་བཟང་ལ་མང་བས་གནས་འདི་ནས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་མཛད་པ་ངོ་མཚར་བ་བསྐྱངས་ཚུལ་དེ་དག་གི་རྣམ་ཐར་དང་མཛད་བྱང་དུ་གསལ་བ་ལྟར་ཏེ་སྔར་གྱི་བྱུང་བ་མདོར་བསྡུས་པའོ། །ཕྱི་ལོ་༡༩༥༩ལོར་གངས་རིའི་སྣོད་བཅུད་ལ་གོད་ཆགས་བྱུང་བ་དང་བསྟུན་ལོ་ངོ་ཉི་ཤུ་ལྷག་ལ་འཆད་ཉན་གྱི་རྒྱུན་ཆད་དེ་མུན་པའི་སྨག་ཏུ་ལུས། ཕྱི་ལོ་༡༩༨༡པ་ནས་སྔར་གདན་ས་འདིའི་ཞལ་སློབ་མཁས་དབང་གཟན་དཀར་རིན་པོ་ཆེ་དང་ཁྱབ་བདག་བླ་མ་པདྨ་སྐལ་བཟང་རྣམ་གཉིས་ཀྱིས་ཐབས་མཁས་ཀྱི་མཛད་པས་ཕྱོགས་ཀྱི་རིས་མེད་མཁས་དབང་དག་གདན་དྲངས་ཏེ། གནས་འདིར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ཏེ་ལོ་ངོ་ལྔ་ཙམ་ལ་འཆད་ཁྲིད་མཛད་པས་བོད་ཁམས་ཁུལ་དུ་བཅུ་ཕྲག་རིག་པའི་འོད་སྣང་ཐོག་མར་འཕྲོ་བ་བྱུང་། དེ་རྗེས་རབ་བྱུང་བཅུ་བདུན་པའི་མེ་སྟག་ལོ་སྟེ་ཕྱི་ལོ་༡༩༨༦ལོར་གོང་མའི་ཐུགས་བསྐྱེད་དུས་སུ་སྨིན་པའི་སྐྱེས་ཆེན་ཁྱབ་བདག་བླ་མ་ཆོས་རྗེ་པདྨ་སྐལ་བཟང་མཆོག་དགུང་གྲངས་ཞེ་གསུམ་པར་ཕྱི་ནང་མཐུན་རྐྱེན་ཞན་པའི་སྐུ་ཚེགས་ཁྱད་དུ་བསད་དེ་རྟེན་གཞི་སླར་གསོ་ཆེར་བསྐྱེད་དང་། གོང་མའི་ཞལ་སློབ་དགེ་བའི་བཤེས་གཉེན་རྣམས་གདན་དྲངས་ཏེ་ཕྱོགས་འདུས་བཙུན་ཆུང་རྣམས་ལ་འཆད་ཁྲིད་ཀྱི་དབུ་བཙུགས་པ་ནས། ས་འབྲུག་ལོར་བསྟན་པ་ཡང་དར་གྱི་དབུ་འབྱེད་མཛད་སྒོ་དངོས་སུ་སྤེལ་ཏེ། ལོ་ཉི་ཤུ་ལྷག་གི་རིང་འཆད་ཁྲིད་མཛད་པས་སྔ་ཕྱིར་ཐོས་བསམ་པ་སྟོང་ཕྲག་འགའ་དང་འཆད་ཁྲིད་ཕེར་བ་བརྒྱ་ཕྲག་ལྷག་བསྐྱེད་བསྲིངས་བྱུང་བས་བསྟན་པའི་ས་བོན་ཚུགས། དུས་རབས་དེར་བསམ་ཡས་དང་རྡོར་སྨིན་སོགས་དབུས་ཕྱོགས་ཀྱི་གདན་ས་ཁག་ལ་མཁན་སློབ་ཆེད་བཏང་གིས་ཆོས་རིག་གི་མེ་རོ་ཐོག་མར་སྦར།  ཉེ་རབས་ལོ་ངོ་ཉི་ཤུ་ལྷག་རིང་ཁོ་བོ་ཅག་གིས་ལྷག་བསམ་ཆེར་བསྐྱེད་དང་འབད་པ་རྒྱུན་བསྲིངས་ལས་ནཱ་ལེནྡྲའི་སློབ་གླིང་གསར་བཞེངས་དང་གཙུག་ལག་ཁང་སོགས་རྟེན་གཞི་འཐུས་ཚང་སླར་གསོ་རྒྱ་བསྐྱེད་བྱས་ཤིང་། གཉུག་མར་གནས་པའི་འདུས་སྡེ་སྟོང་ཕྲག་གི་གྲངས་སུ་འཕེལ་བར་མདོ་སྔགས་རིག་གནས་བཅས་པའི་འཛིན་རིམ་ཉི་ཤུ་ལྷག་ཕྱེས་ཏེ་མཁན་སྐྱོར་དྲུག་ཅུ་ལྷག་གིས་འཆད་རྩོད་རྩོམ་པ་སྟེ་མཁས་ཚུལ་གསུམ་གྱིས་བསྟན་རྒྱུན་དར་རྒྱས་སུ་བསྐྱངས་མུས་ལ། རྒྱུགས་སྤྲོད་དང་བསླབ་སྒྲིག་སྔར་བས་ཚགས་སུ་ཚུད་པ་བྱས་པས་མྱུར་ཚད་ལྡན་པའི་མཁྱེན་ཡོན་གོང་འཕེལ་ངང་། མདོ་ཕྱོགས་བཀའ་པོད་རིག་གནས་དང་བཅས་པའི་འཛིན་གྲྭ་རིམ་བགྲོད་ཀྱིས་ལོ་ངོ་བཅུ་གསུམ་མཐར་ཕྱིན་པའི་སློབ་ཚོགས་གྲངས་མང་དང་། སྔགས་ཕྱོགས་རྒྱུད་སྡེ་ལོ་བཞིའི་འཆད་ཉན་བསྙེན་སྒྲུབ་ཕྱག་ལེན་བཅས་མཐར་ཕྱིན་པའི་རྡོ་རྗེ་སློབ་དཔོན།  གཞན་སྐྱོར་དཔོན་ནས། འཆད་ཁྲིད་སློབ་དཔོན། གཞུང་ཆེན་མཁན་པོ། མཁན་ཆེན་ཁྲི་བ་བཅས་ཀྱི་མཚན་གནས་སུ་ཕེབས་པ་མང་དུ་བྱུང་བས་མ་ཡུམ་ཆོས་གྲྭ་དང་། ཕྱོགས་ཀྱི་བཤད་གྲྭ་བཅུ་ཕྲག་འགའ་ལ་འཆད་ཁྲིད་མཁན་པོ་ཕེབས་ཏེ་ཁ་བ་རི་བའི་ཆོས་རིག་སླར་གསོ་ལ་ཕྲིན་ལས་རྒྱ་ཆེར་སྐྱོང་བཞིན་པ་སྟེ། དེང་རབ་བྱུང་བཅུ་བདུན་པའི་མེ་རྟའི་གནམ་ལོ་འདིར་༧སྔ་འགྱུར་བསྟན་པའི་གཙུག་རྒྱན་མཁས་གྲུབ་དབང་པོ་ཁྱབ་བདག་བླ་མ་རིན་པོ་ཆེ་དབུས་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་སྐུ་འཚོ་དགེ་ཞིང་། མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་ལ་རྒྱུན་མི་ཆད་པར་སྐོར་བཞིན་པ་དང་། བསླབ་ལྡན་སྡེ་སྣོད་འཛིན་པའི་དགེ་འདུན་པ་སྟོང་ཕྲག་ལྷག་གིས་ཉིན་མཚན་བར་མེད་དུ་མདོ་སྔགས་རིག་གནས་དང་བཅས་པའི་གཙུག་ལག་གི་གནས་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་པས་ཤ་ཐང་དུ་འབད་བཞིན་པ་ནས་བཤད་སྒྲུབ་ལས་གསུམ་གྱི་མངའ་ཐང་དར་ཞིང་རྒྱས་བཞིན་པ་སྟེ། སླད་མའི་ཆར། གངས་ལྗོངས་མཁས་པའི་འབྱུང་གནས། ཆོས་རིག་བསྟན་པའི་སྲོག་རྩ། སྔ་འགྱུར་བསྟན་པའི་ཆུ་འགོ  བཤད་པའི་སྡེ་གྲྭ་ཆེན་མོ་འདི་ཉིད། ཉི་ཟླའི་འོད་དང་ཆུ་བོའི་རྒྱུན་བཞིན་རྟག་བརྟན་ཉམས་མེད་ངང་བསྟན་འགྲོའི་ཕན་བདེ་དབྱར་མཚོ་བཞིན་ཕྱོགས་ཀུན་དར་ཞིང་རྒྱས་པའི་སྨོན་པ་བརྒྱ་ཕྲག་བཅས།