༄༅།།སྔོ་ལོའི་བུ་མོ་ནེའུ་ཆུང་མས་སྤྱི་དཔོན་ལ་བླངས་པའི་གླུ།

ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་ལས་དྲངས།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༧

   གླུ་ཐ་ལ་ལ་མོ་ཐ་ལ་རེད། །
   གླུ་ཨ་ལ་ལ་མོ་ཨ་ལ་རེད། །
   གླུ་ཐ་དྲུག་གླུ་ཡི་འདྲ་དྲུག་ཡོད། །
   ཤར་ནས་ཁྲི་གདུགས་ཐ་ལ་ལ། །
   ལྷོ་ནས་ལྷོ་སྤྲིན་ཐ་ལ་ལ། །
   ནུབ་ནས་གྲིབ་སོ་ཐ་ལ་ལ། །
   བྱང་ནས་སྐྱི་སེར་ཐ་ལ་ལ། །
   ཕ་བླ་མའི་གསུང་ཆོས་ཐ་ལ་ལ། །
   དཔོན་བཟང་པོའི་ཞལ་ཏ་ཐ་ལ་ལ། །
   ཐུ་ལུ་གླུ་ཡི་འདྲ་གསུམ་ཡོད། །
   རི་མཐོན་པོའི་ཁ་ཆུ་ཐུ་ལུ་ལུ། །
   དམའ་རྒྱ་མཚོའི་རླངས་པ་ཐུ་ལུ་ལུ། །
   མི་ངན་པའི་ཚིག་ངན་ཐུ་ལུ་ལུ། །
   འབྲུ་དྲུག་གླུ་ཡི་འདྲ་དྲུག་ལེན། །
   གནམ་ལ་སྐར་མ་སྨིན་དྲུག་ཤར། །
   ས་ལ་ལོ་ཡག་འབྲས་དྲུག་སྨིན། །
   ཆོས་ལ་མ་ཎི་འབྲུ་དྲུག་གྲགས། །
   བོད་ལ་མིའུ་གདོང་དྲུག་ཡོད། །
   སྟོང་སེམས་ཅན་འཁོར་བ་རིགས་དྲུག་གནས། །
   ས་འདིའི་ས་ངོ་མ་ཤེས་ན། །
   ཕ་རི་རྨ་ལ་ཚུ་རུ་རྫ། །
   རྨ་རྫ་གཉིས་ཀྱི་ཁ་བར་ན། །
   ཁྲ་སྟོད་ནམ་མཁའ་ལངས་པ་ནས། །
   ཁྲ་ཕས་ཀི་ཀི་སྒྲོགས་པའི་ས། །
   ཁྲ་མས་བསྭོ་བསྭོ་འབོད་པའི་ས། །
   ཁྲ་ཕྲུག་གཤོག་རྩལ་སྦྱོང་ས་ན། །
   ཁྲ་མཁར་གནམ་རྫོང་ཕྱུག་མོ་རེད། །
   ང་དང་ང་ངོ་མ་ཤེས་ན། །
   སྔོ་རིང་གད་པའི་གཡས་ཟུར་ན། །
   གཡུ་མཚོ་སྔོན་མོའི་གཡོན་ཟུར་ན། །
   སྔོ་ལོ་སྟོན་པའི་བུ་མོ་ཡིན། །
   ནེའུ་ཆུང་ལུ་གུའི་ཚར་ཡག་ཡིན། །
   གླུ་འདིའི་གླུ་ངོ་མ་ཤེས་ན། །
   ནེའུ་ཆུང་ཅོ་ཀའི་དྲུག་འགྱུར་ཡིན། །
   སྲུ་འབྲུག་མོས་མངགས་པའི་ཕོ་ཉ་ཡིན། །
   གདོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་ལགས། །
   གསོན་དང་ཞུ་རྒྱུ་འདི་འདྲ་ཡོད། །
   སེང་འབྲུག་མོའི་གླུ་ལ་འདི་འདྲ་གྲགས། །
   དུས་ད་ལོའི་གནམ་ལོ་ཤར་ནས་བཟུང་། །
   སྔར་མགོ་ལས་ཀྱི་འདྲ་མིན་དེ། །
   དུས་ད་ལོའི་མིག་གིས་མཐོང་བཞིན་ཡོད། །
   ཡོང་མ་མྱོང་ལས་གཅིག་བྱུང་ངོ་ཟེར། །
   ཁེ་ཉིན་ཉི་མའི་སྔ་དྲོ་ལ། །
   བྱ་ཁྭ་ཏ་གཅིག་གི་འཕྲིན་པ་བྱུང་། །
   ཁ་སང་ཉི་མའི་དགོང་ཁ་ལ། །
   བྱ་ལྟ་བ་མིག་གིས་མི་བཟོད་ཅིང་། །
   བསམ་པས་བརྗོད་ཀྱིས་མི་ལང་བ། །
   གར་བྱུང་འདི་བྱུང་མ་རིག་པར། །
   གཡུ་སྦྲའི་མགོ་ལ་བབས་ནས་གདའ། །
   ལས་ལོ་ལེ་ཉན་ལེ་ཡིན་ལེ་མེད། །
   སང་ཉིན་ཉི་མའི་གདོང་གང་ལ། །
   མཐོ་རི་བོས་གསེར་ཞྭ་གྱོན་དུས་དེར། །
   ཚོ་ཆེན་ལྷ་སྡེ་དཀར་པོ་དེ། །
   རྨ་དེའུ་ཡག་སྟག་ཐང་ཁྲ་མོ་ལ། །
   ཀི་གཅིག་གི་འོག་ལ་བསྡུ་དགོས་ཟེར། །
   མི་སྲིད་ལས་ལ་ལ་ཐང་མེད། །
   སྨུག་པོ་འཇང་དང་སེར་པོ་ཧོར། །
   མོན་རོང་གི་ལས་དམག་ཡོང་ལེ་འདྲ། །
   ཡང་མིན་ན་ཡར་ཁམས་བྱང་མ་ནས། །
   སྐུ་རྗེ་གེ་སར་རྒྱལ་པོ་ཁོང་། །
   བདུད་ནག་པོར་ཤོར་རྒྱུ་ཨེ་མ་ཡིན། །
   ལས་ཅི་ཡིན་གྱི་སྐད་ཆ་དགོས་ཏེ་ཟེར། །
   བློ་སྔོན་ལ་དྲན་ན་དགའ་འོ་ཟེར། །
   ལས་རྒྱབ་ནས་འགྱོད་ཚེ་འཕྱིས་སོ་ཟེར། །
   སྲུ་འབྲུག་མོ་ཕྱིར་རྗེས་ཡོང་བཞིན་ཡོད། །
   ང་ནེའུ་ཆུང་སྔོན་ལ་མངགས་ལེ་རེད། །
   གདོང་ཁུ་བོ་སྤྱི་དཔོན་ཐུགས་ལ་ཞོག །
   དུས་གཅིག་ཏུ་འཛོམས་ན་གྲོས་ཡོད་ཟེར། །
   བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། །
   བློ་རྩེ་ཉི་ཤུ་རྩ་ལྔ་ཁོད། །
   མ་གོ་ལས་ལ་མ་ཟེར་ལགས། །
   གླུ་འཁྲུལ་བ་སོང་ན་མཐོལ་ལོ་བཤགས། །
   ངག་འཆལ་བ་སོང་ན་བཟོད་པར་བཞེས། །