༄༅།།གླིང་སྒྲུང་ན་གྲགས་ཆེ་བའི་མཛེས་མ་ལྔ་དང་ཡང་ཐུལ་དམ་པའི་མི་བདུན།
༡ ཕྲ་མོ་གླིང་ལ་གྲགས་ཆེ་བ་སེང་ལྕམ་འབྲུག་མོ་མིན་པ་མེད། ༢ ནག་པོ་བདུད་ལ་གྲགས་ཆེ་བ་མེ་བཟའ་འབུམ་སྐྱིད་མིན་པ་མེད། ༣ སེར་པོ་ཧོར་ལ་གྲགས་ཆེ་བ་མགར་བཟའ་ཆོས་སྒྲོན་མིན་པ་མེད། ༤ སྨུག་པོ་འཇང་ལ་གྲགས་ཆེ་བ་པདྨ་ཆོས་སྒྲོན་མིན་པ་མེད། ༥ གུ་ནེ་མོན་ལ་གྲགས་ཆེ་བ་མེ་ཏོག་ལྷ་མཛེས་མིན་པ་མེད་ཅེས་བཤད་ཚུལ་ཡོད་པ་ནི་ཡོངས་གྲགས་ཀྱི་བཤད་སྟངས་ཤིག་རེད། གླིང་གི་དཔའ་ཐུལ་ཡིན་པར་མ་ཚད་དེའི་ནང་གི་ཡང་ཐུལ་དམ་པ་ཡིན་པས་ན་ཡང་ཐུལ་ལམ་ཡང་རྟུལ་དམ་པའི་མི་བདུན་ཞེས་བརྗོད་ཡོད། ཁོང་ཚོའི་ཁྱད་ཆོས་ཐུན་མོང་མ་མིན་རྣམས་གཤམ་གསལ། གྲིའི་ཡང་ཐུལ་འབུམ་པའི་རྒྱ་ཚ་ཞལ་དཀར་དང་། གཏམ་གྱི་ཡང་ཐུལ་དཔའ་ཡ་མེད་སེང་སྟག་ཨ་དོམ། མདའ་ཡི་ཡང་ཐུལ་ཚ་ཞང་འདན་མ་བྱང་ཁྲ། ཞགས་ཀྱི་ཡང་ཐུལ་སྟག་རོང་ཨ་ནུ་གཟིགས་འཕེན། ཤེད་ཀྱི་ཡང་ཐུལ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག །མདུང་གི་ཡང་ཐུལ་ཆོས་ལུ་བུ་ཡི་དར་འཕེན། རྩལ་གྱི་ཡང་ཐུལ་ཉ་ཚ་ཨ་བརྟན་བཅས་ཀྱི་ངོ་སྤྲོད་རྣམས་རེ་རེ་ནས་ཤེས་འདོད་ན་གཤམ་གསལ།
༡ རྒྱ་ཚ་ཞལ་དཀར།
དཔའ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཡབ་སེང་བློན་རྒྱལ་པོ་དང་། ཡུམ་རྒྱ་བཟའ་ལྷ་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་གླིང་གི་ས་གནས་དངུལ་ཆུ་ཁྲོ་རྫོང་ཡོད་སའི་ཉེ་འགྲམ་དུ་སྐུ་འཁྲུངས། གླིང་གི་དཔའ་རྟུལ་སུམ་ཅུ་དང་ཡང་རྟུལ་དམ་པའི་མི་བདུན་གྱི་ཡ་གྱལ། གླིང་གེ་སར་རྒྱལ་པོའི་ཕུ་བོ། ཁོང་ནི་རྒྱ་རྗེ་སྲས་མོའི་སྲས་ཡིན་པའི་རྒྱ་ཚ་ཞེས་འབོད། ཁོང་གི་ཞལ་ངོ་ཧ་ཅང་དཀར་བས་རྒྱ་ཚ་ཞལ་དཀར་ཞེས་མིང་བཏགས། ཁོང་ནི་གླིང་གེ་སར་གྱི་ཕུ་བོ་ཡིན་ཞིང་། སེང་ཆེན་རྒྱལ་པོས་ཕྱོགས་བཞིའི་དགྲ་ཆེན་འདུལ་བ་དང་། རྫོང་ཆེན་བཅོ་བརྒྱད་ཕབ་སྐབས་ཁོང་གིས་དཔུང་རོགས་བྱས་ཤིང་། འཇིགས་རུང་གཡུལ་གྱི་ལས་ལ་དཔའ་རྒོད་གདོང་མཆོངས་དང་དགྲ་འདུལ་ཐབས་མཁས་ཀྱི་མཛད་རྗེས་ཆེན་པོ་བཞག་ཡོད། གླིང་གེ་སར་རྒྱལ་པོ་བྱང་ཕྱོགས་སུ་དགྲ་ངན་འདུལ་སར་ཕེབས་སྐབས་རྒྱ་ཚ་ཞལ་དཀར་གྱིས་ཁྲ་མོ་གླིང་གི་རྒྱལ་སྲིད་བསྐྱངས། སྤྱིར་ཁོང་ནི་རྩལ་དྲུག་ལུས་ལ་ཚང་ཞིང་དཔའ་སྙིང་ཆེ་བས་གླིང་མི་ཚང་མའི་བརྩི་བཀུར་ཐོབ་མོད། འོན་ཀྱང་བློ་ཐབས་ཀྱི་བསྐོར་རྒྱ་ཅུང་ཟད་ཆུང་བས། ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་གླེན་རྟགས་ཀྱིས་ཤན་པ་མེ་རུ་རྩེའི་མདུང་རྩེར་མཆོངས་ཏེ་སྐུ་བཀྲོངས། རྒྱ་ཚའི་སྐུ་མཁར་ནི་མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་ཞེས་གྲགས་པ་དང་། བརྒྱ་རྩ་བརྒྱད་དུ་གྲགས་པའི་མཆོད་རྟེན། སྟོང་རྩ་གཉིས་སུ་གྲགས་པའི་ཚྭ་ཚྭའི་འབུམ་ཁང་བཅས་ཀྱི་རྗེས་ཤུལ་ཡིན་ཞེས་དམངས་ཁྲོད་ཀྱི་བཤད་སྲོལ་དེ་དག་དེང་སང་སྡེ་དགེའི་ལྕང་ར་དགོན་གྱི་ཉེ་འགྲམ་དུ་དངོས་སུ་ལྟ་རྒྱུ་ཡོད། རྒྱ་ཚའི་མཚན་གྱི་རྣམ་གྲངས་ལ། འབུམ་པའི་རྒྱ་ཚ་ཞལ་དཀར། དཔའ་བོ་རྒྱ་ཚ་ཞལ་དཀར། གླིང་གི་བུ་སྡུག་གྭ་པ་བཅས་འབོད་སྲོལ་ཡོད། བཙུན་མོའི་མིང་ལ་རག་བཟའ་དགེ་མཚོ་ཞུ། མཁར་གྱི་མིང་ལ་ཕོ་བྲང་དངུལ་ཆུ་ཁྲོ་རྫོང་ཟེར། ཆིབས་རྟའི་མིང་ལ་འདོ་བ་རྒྱ་བྱ་སོག་དཀར་ཟེར།
གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། ལི་རྨོག་བཀྲ་ཤིས་གླིང་བརྒྱད། ཁྲབ་ཀྱི་མིང་ལ། ཁྲབ་དཀར་ཟླ་བ་གཤོག་དྲུག ཕུབ་ཀྱི་མིང་ལ། དུང་ཕུབ་ཟླ་བ་བརྩེགས་བརྒྱ། གཞུའི་མིང་ལ། དཀར་མོ་འགུགས་ཡག །མདའི་མིང་ལ།ཆོས་སྐྱོང་མངོན་རྒྱུག །རལ་གྲིའི་མིང་ལ། ཡ་ཟི་སྐར་ཕྲན། མདུང་གི་མིང་ལ། བ་དན་རྩེ་བརྒྱད་བཅས་སོ། །
༢ སེང་སྟག་ཨ་དོམ།
སེང་སྟག་ཨ་དོམ་ནི་ཡབ་དར་རྗེ་ཉི་མ་ཁྲི་བཙན་དང་། ཡུམ་གོ་བཟའ་ལྷ་མོ་དཔའ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གླིང་གི་དཔའ་རྟུལ་སུམ་ཅུ་དང་ཡང་ཐུལ་དམ་པའི་མི་བདུན། ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ། དཔའ་སྙིང་ཆེ་ལ་རྔམ་ཟིལ་ཆེ་བ། དགྲ་འཆི་བདག་ཡིན་ཡང་སྙིང་རྩ་འབར་བ། ཁོང་གི་མི་ཚེ་གང་ལ་གླིང་རྗེ་གེ་སར་རྒྱལ་པོས་རྫོང་ཁག་སོ་སོ་ཕབ་པའི་སྐབས་སུ་ཞུགས། བྱས་རྗེས་ཕུལ་དུ་བྱུང་བ་མ་བཞག་ས་གཅིག་ཀྱང་མེད། ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱེད་སྐབས། ཁོང་གིས་དགྲ་ལ་དམར་འཛིང་ལན་མང་བྱེད་མྱོང་། ཁོང་དྲག་རྩལ་ལ་ཤིན་ཏུ་མཁས་པས། ཧོར་གླིང་གཡུལ་འགྱེད་སྐབས་དང་འཇང་དང་མོན་བཅས་ལ་དཔུང་འཇུག་དང་། རྫོང་ཁག་བཅོ་བརྒྱད་ཕབ་པའི་འཇིགས་རུང་གཡུལ་གྱི་སྒོ་མོ་བརྒྱ་ཕྲག་འབྱེད་པའི་ཁྲོད་དུ་མཛད་རྗེས་ཤིན་ཏུ་ཆེན་པོ་བཞག །ཆུང་མའི་མིང་ལ་ལྷོ་བཟའ་བེེ་ཌཱུརྱ་སྒྲོལ་མ་ཞུ། མཁར་གྱི་མིང་ལ་ཕོ་བྲང་སྨུག་པོ་བཅུག་དཀྲིས་ཟེར། ཆིབས་རྟའི་མིང་ལ་སྟོང་རི་རག་དཀར་ཞེས་འབོད། གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། གངས་རི་རྩེ་གསུམ།ཁྲབ་ཀྱི་མིང་ལ། དཔའ་ལའི་དུང་ཁྲབ་འབུམ་རྫོང་།ཕུབ་ཀྱི་མིང་ལ། སྤྲིན་འཇའ་དགུ་ལྡན། གཞུའི་མིང་ལ།དངུལ་ཞུན་རང་འགུགས། མདའི་མིང་ལ། ཁྱུང་གཤོག་ཁྲག་ལྕེ། རལ་གྲིའི་མིང་ལ། ལེབ་ཆེན་མི་ཡི་བཤའ་གྲི།མདུང་གི་མིང་ལ། དཀར་པོའི་བླ་རིས་བཅས་སོ། །
༣ འདན་མ་བྱང་ཁྲ།
ཚ་ཞང་འདན་མ་བྱང་ཁྲ་ནི་ཡབ་བྱང་རྗེ་ཁྲི་བཙན་དང་། ཡུམ་འདན་བཟའ་ཨ་སྒྲོན་གཉིས་ཀྱི་སྲས་སུ་ད་ལྟའི་དཀར་མཛེས་ཁུལ་སེར་ཤུལ་རྫོང་ལོ་ཆུང་གྲོང་རྡལ་ལམ་འདན་ཁོག་ཏུ་སྐུ་འཁྲུངས། གླིང་གི་ཕུ་ནུ་སུམ་ཅུ་དང་ཡང་ཐུལ་དམ་པའི་མི་བདུན་གྱི་ཡ་གྱལ་ཞིག་ཡིན། ཁོང་མདའ་འཕེན་གྱི་སྒྱུ་རྩལ་ལ་ཤིན་ཏུ་མཁས། གླིང་གེ་སར་རྒྱལ་པོའི་ཐུགས་གཙིགས་ཤིན་ཏུ་ཆེ་བའི་བློན་ཆེན་ཞིག་ཡིན་པར་མ་ཚད། འདན་ཁོག་གི་དཔོན་པོ་དང་། གླིང་ཆུང་རྒྱུད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན། རང་སྡེའི་འབངས་རྣམས་སྐྱོང་བ་དང་རྒྱལ་ཁབ་ཆེན་པོ་བཞི་བཏུལ་ནས། རྫོང་ཆེན་བཅོ་བརྒྱད་ཕབ་པ་སོགས་འཇིགས་སུ་རུང་བའི་གཡུལ་འཁྲུག་རྣམས་ཀྱི་ནང་དུ་ཁོང་གིས་དཔའ་ངར་ཆེན་པོས་འཐབ་འཁྲུག་བརྒྱབ་ནས། བྱས་རྗེས་བླ་ན་མེད་པ་བཞག་ཡོད། ཁོང་གླིང་གི་དཔའ་ཐུལ་སྙན་གྲགས་ཅན་ཞིག་ཡིན་སྟབས། 《ཤན་པ་དང་འདན་མ།》ཞེས་པའི་སྒྲུང་ཡིག་ལས་ཁོང་དང་ཤན་པ་རྨེ་རུ་རྩེ་གཉིས་ཀྱི་བར་དུ་འཁྲུག་རྩོད་བྱུང་རབས་སྐོར་གྱི་ལོ་རྒྱུས་རྣམས་མང་པོ་བྲིས་ཡོད། སྔོན་ཆད་ཁོང་གི་མཚན་ལ་ཚ་རྒྱལ་ཟེར། འདན་མའི་སྲས་ལ་འདན་སྲས་གཡུ་འོད་འབུམ་མེ་ཞུ། ཕྱིས་སུ་གླིང་ལ་མགོ་བཏགས་ཤིང་གླིང་དང་ཉེ་འབྲེལ་ཆགས་པའི་ཆ་ནས་ཚ་ཞང་འདན་མ་ཞེས་མཚན་གསོལ།
སེར་ཤུལ་རྫོང་ཁོངས་ཀྱི་འདན་ཤུག་ར་དགོན་དང་ཉེ་སར་འདན་མའི་ཡབ་ཚང་ཟ་ཧོར་རྒྱལ་པོའི་མཁར་ཤུལ་དང་། འདན་མ་སྐུ་འཁྲུངས་ས། འདན་མའི་ཆིབས་རྟ་བཞོན་སའི་རྡོ་ལེབ་དང་། མདའ་རྩལ་ངོམ་སའི་ཐང་སོགས་ད་ལྟ་ལའང་ཡོད་པར་མ་ཟད།འདན་མའི་དབུ་རྨོག་ཀྱང་འདན་ཤུག་ར་དགོན་དུ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད། མཁར་ཤུལ་ནི་སེར་ཤུལ་རྫོང་ལོ་ཆུང་གྲོང་རྡལ་གྱི་འདན་ཤུག་ར་དགོན་པ་ཞེས་པ་དེ་ཡིན་པར་མ་ཟད། དེང་སྐབས་དགོན་པ་འདིས་འདན་མའི་དྲན་གསོ་ཁང་ཞིག་གསར་དུ་བཞེངས་ཡོད། ཆུང་མའི་མིང་ལ་ཌཱཀྐི་བཀྲ་ཤིས་འབུམ་སྐྱིད་ཞུ། མཁར་གྱི་མིང་ལ་ཤར་ལུང་རི་དྲུག་ཟེར། ཆིབས་རྟའི་མིང་ལ་དངུལ་ཕྲུག་ལྡེམ་པ་ཟེར། གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས།རྨོག་གི་མིང་ལ། གསལ་བ་འོད་ལྡན། ཁྲབ་ཀྱི་མིང་ལ།དམུ་ལེ་ཚེམ་ཚེམ། ཕུབ་ཀྱི་མིང་ལ། ནོར་བུ་ལྔ་ལྡན། གཞུའི་མིང་ལ། དཀར་མོ་མཐེབ་སྐྱེན། མདའི་མིང་ལ། འཆི་བདག་ཁ་དམར། རལ་གྲིའི་མིང་ལ།འཇང་བ་ཡུ་དམར། མདུང་གི་མིང་ལ། དུག་ལྕེ་གསུམ་པ་བཅས་སོ། །
༤ ཨ་ནུ་གཟིག་འཕེན།
དེ་ཡང་ཨ་ནུ་གཟིག་འཕེན་ནམ་སྟག་རོང་དཔོན་པོ་གཟིག་འཕེན་གྱི་ཡབ་དཔའ་གཟིག་རོང་པདྨ་རྒྱལ་མཚན་དང་། ཡུམ་ལྡོང་ཀུན་བཟང་ལྷ་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གླིང་གི་ཕུ་ནུ་སུམ་ཅུ་དང་དཔའ་ཡང་རྟུལ་དམ་པའི་མི་བདུན་གྱི་ཡ་གྱལ། ཁོང་ནི་གཤིས་རྒྱུད་དྲང་ལ་བློ་སེམས་བརྟན་པ་དང་། འཁོར་གསུམ་གྱི་རྩལ་དྲུག་ལུས་ལ་ཚང་ཞིང་གཡུལ་གྱི་ལས་ལ་ཤིན་ཏུ་དཔའ་བ་ཞིག་ཡིན། ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་ཧོར་ཤན་པས་གྲི་རུབ་ཀྱིས་ཚེ་སྲོག་བཀྲོངས་ནས་ཧོར་ཆུའི་རྒྱུན་དུ་བསྐུར་བ་རེད། ཡང་བཤད་སྲོལ་ཞིག་ལ་ཁོང་ནི་ཁྲོ་ཐུང་གི་བུ་ཆེ་བ་རེད་ཟེར་བ་ཞིག་དང་། ཁྲོ་ཐུང་གི་སྤུན་ཡའི་བུ་ཡིན་ཞེས་བཤད་སྲོལ་མི་འདྲ་བ་གཉིས་ཡོད། ཁོང་ནི་བློ་བརྟན་འགྱུར་མེད་དང་མི་གཤིས་དྲང་པོ་ཞིག་ཡིན་ཞིང་། ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱས་པ་ན། ཁོང་གིས་རང་ཕྱོགས་ཀྱི་ཡུལ་སྡེ་རྣམས་སྲུང་ཞིང་། གཞན་ཕྱོགས་ཀྱི་དགྲ་སྡེ་འཇོམས་པའི་གཡུལ་འཁྲུག་གི་སྐབས་སུ་རང་ནུས་ཅི་ཡོད་ཕུད་ནས་དགྲ་དཔུང་ཐལ་བའི་རྡུལ་དུ་བརླགས། ཁོང་ཁྲོ་ཐུང་གི་བུ་ཡིན་རུང་ཁྲོ་ཐུང་གིས་དགྲ་བོར་མགོ་བཏགས་པའི་ལྐོག་གཡོའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཁོང་ནི་ངོ་རྒོལ་དང་འཐབ་རྩོད་བྱེད་མཁན་ཞིག་ཡིན། མཐར་རྨ་ཆུའི་འགྲམ་དུ་ཧོར་དམག་དང་གདོང་ཐུག་དུས་ཧོར་གྱི་དམག་དཔོན་ཤན་པ་སྟོབས་ཆེན་གྱིས་ཞགས་པས་བཟུང་ནས་ཁོང་རྟ་ཐོག་ནས་བླངས་ཏེ་རྨ་ཆུའི་ནང་ལ་དྲུད་ནས་བཀྲོངས་པ་རེད་ཟེར། མཁར་རྫོང་གི་མིང་ལ་མཁར་མི་འགྱུར་བེའུ་སྟག་རྫོང་ཞུ་བ་དེ་ནི་དེང་གི་སྡེ་དགེ་རྫོང་གི་སྨན་ཤོད་ས་ཆའི་རང་མེ་ནང་ཐི་བུ་ཚང་ཞེས་པའི་ཁྱིམ་རྒྱུད་ཡོད་སའི་ས་ཆ་དེ་ནི་སྟག་རོང་གཟིག་འཕེན་གྱི་མཁར་ཤུལ་ཡིན་ཞེས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་བཅས་ཀྱིས་ངོས་འཛིན་གནང་བ་རེད་ཅེས་སྨན་པ་བློ་གྲོས་ཕུན་ཚོགས་ཀྱིས་གསུངས། དེ་མིན་སྡེ་དགེའི་ཡིད་ལྷུང་ཁོག་ལའང་ཨ་ནུ་གཟིག་འཕེན་གྱི་མཁར་ཤུལ་ཞིག་ཡོད་ཅེས་སློབ་གྲོགས་དཔལ་བསྡུས་ཀྱི་བཤད། ཞར་བྱུང་དེང་སང་ཕོ་བྲང་ཇ་མཁར་རིང་མོའི་ཤུལ་དུ་རྫོང་མགོ་དགོན་པ་ཆགས་ཡོད་པར་བཤད། ཆུང་མའི་མིང་ལ་ཁྲོམ་བཟའ་ཟླ་མཚོ་ཞལ་དཀར་ཞུ། མཁར་གྱི་མིང་ལ་བེའུ་སྟག་རྫོང་ཟེར། ཆིབས་རྟའི་མིང་ལ་ཕོ་རོག་སྟོང་འཆམ་ཟེར། གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། རིག་འཛིན་བླ་མའི་བུམ་བཟང་། ཁྲབ་ཀྱི་མིང་ལ། དཔའ་རྫོང་སྒོ་མོ་རང་འཁྱིལ། ཕུབ་ཀྱི་མིང་ལ། གནམ་ས་འབར་བ།གཞུའི་མིང་ལ།འགུགས་ཆེན་རི་བོའི་དཔུང་རྫོང་། མདའི་མིང་ལ། ཉག་ཕྲན་ལྡེམ་པའི་འཕྲུལ་འཁོར། རལ་གྲིའི་མིང་ལ། རལ་ཆེན་གྱང་ཕྲུག་ཐོད་དཀར། མདུང་གི་མིང་ལ། སྤྲིན་ཕུང་གཡོ་བའི་གུར་ཆེ་བཅས་སོ། །
༥ སྒ་བདེ་བེར་ནག
འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་ཡབ་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་། ཡུམ་ལྡོང་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གླིང་གི་དཔའ་རྟུལ་སུམ་ཅུ་དང་ཡང་ཐུལ་དམ་པའི་མི་བདུན་གྱི་ཡ་གྱལ། སྒ་བ་ཚོ་དྲུག་གི་དཔོན་པོ། ཁྲ་མོ་གླིང་གི་མཐུ་ཆེན། འཕྲུལ་སྒྱོགས་ལ་བྱང་ཆ་ལྡན་པས་སྒྱོགས་མཁས་ཞེས་པའི་མཚན་སྙན་ལྡན། གླིང་རྗེས་མཐའ་ཡི་རྫོང་ཆེན་གྲངས་མེད་དབང་དུ་བསྡུས་པ་བརྒྱུད་རིམ་ནང་འདིས་མོན་དང་། འཇང་། ཁ་ཆེ་སོགས་དྲག་པོའི་འཕྲུལ་སྒྱོགས་ཀྱིས་ཤུལ་མེད་བཏང་། གླིང་འབྲིང་རྒྱུད་ཀྱི་གདུང་རུས་ཡིན། ཁོང་ནི་སྒྱོགས་ཀྱི་སྒྱུ་རྩལ་ལ་ཤིན་ཏུ་མཁས། གསང་བ་སྔགས་ཀྱི་རྣལ་འབྱོར་པ་ཞིག་ཀྱང་ཡིན། ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱས་པ་ན། ཁོང་གིས་མེ་སྒྱོགས་བརྒྱབ་ནས་ཧོར་དམག་ཆམ་ལ་ཕབ་པ་དང་།ཧོར་གྱི་རྒྱལ་སྲས་སྐར་ཆེན་འཛུམ་ཤེས་དང་ཁྲ་རྒོད་ཟླ་བ་གཉིས་ཀ་གསོན་བཟུང་བྱས་ཤིང་། ཧོར་གུར་དཀར་རྒྱལ་པོ་བཏུལ་རྗེས་སུ། ཁོང་ཡང་གླིང་རྗེ་གེ་སར་རྒྱལ་པོ་དང་མཉམ་དུ་འཇང་ཡུལ་དང་མོན་ཡུལ། སུམ་པ། སྟག་གཟིག་སོགས་སུ་དཔུང་འཇུག་བྱེད་སར་ཕེབས་པ་དང་། རྒྱ་ཡུལ་ཇ་རྫོང་ཕབ་དུས་ཀྱང་ཁོང་གེ་སར་གྱི་སྐུ་འཁོར་དུ་བྱོན། ཁོང་གི་མིང་ལ་འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་དང་འབྲུ་སྒ་སྡེ་མི་ཆེན་སེར་པོའང་ཟེར་སྲོལ་ཡོད། དེང་སང་སྡེ་དགེ་རྫོང་ཉ་འགུག་ཤང་དགའ་བདེ་གྲོང་སྡེའི་ནང་དུ་གླིང་གི་དཔའ་ཐུལ་འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་གྱི་གནའ་ཤུལ་དངོས་སུ་མཇལ་རྒྱུ་ཡོད། ཆུང་མའི་མིང་ལ་སངས་རྒྱས་མཚོ་མོ་ཞུ། མཁར་གྱི་མིང་ལ་ཕོ་བྲང་མཆོང་མཁར་སྨུག་པོ་ཟེར། ཆིབས་རྟའི་མིང་ལ་རླུང་ནག་རྗེས་གཅོད་བཅས་སོ། །གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། རྨོག་དམ་ཅན་དགྲ་བླའི་ནོར་བུ་དང་། ཁྲབ་ཀྱི་མིང་ལ། མི་འཇིག་ལེབ་མ་རང་འགྲུབ། ཕུབ་ཀྱི་མིང་ལ། ལྕགས་ཕུབ་རྡོ་རྗེའི་དྲ་བ། གཞུའི་མིང་ལ། དགྲ་བླ་འགུགས་པའི་ཤུགས་ཆེན། མདའི་མིང་ལ། ཁྲི་འཇོམས་ནག་པོ། རལ་གྲིའི་མིང་ལ། གྲི་ནག་བཏབ་པ་ཐེབས་གཅོད། མདུང་གི་མིང་ལ།བདུད་དགྲའི་བླ་འགུགས་བཅས་སོ། །
༦ ཆོས་ལུ་དར་འཕེན།
ལྡོང་ཆོས་ལུ་བུ་ཡི་དར་འཕེན་ནི་ཡབ་ཁྲ་བཙན་དར་མ་བསམ་འགྲུབ་དང་། ཡུམ་ཁྲ་བཟའ་བྱང་ཆུབ་ཉི་ཤར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གླིང་གི་དཔའ་ཡང་ཐུལ་དམ་པའི་མི་བདུན་གྱི་ཡ་གྱལ། ཁོང་ནི་གཡུལ་འཁྲུག་ནང་དཔའ་སྙིང་ཤིན་ཏུ་ཆེ་བས་གླིང་མི་ཚང་མའི་བརྩི་བཀུར་ཐོབ་ས་ཞིག་རེད། དགྲ་ནག་པོ་སྟེང་དུ་དུག་དང་འདྲ། གྲོགས་མང་ཚོགས་སྟེང་ལ་དར་ལས་འཇམ། གླིང་མི་ཚང་མས་དར་འཕེན་དུག་གི་སྡོང་པོ་ཞེས་བསྟོད་བསྔགས་བྱེད་སའི་ཡུལ་དུ་གྱུར། གླིང་ཆེ་རྒྱུད་ཀྱི་གདུང་རྒྱུད་ལས་ཆད། ཧོར་གུར་དཀར་རྒྱལ་པོས་གླིང་ལ་དྲག་པོས་དཔུང་འཇུག་བྱས་པ་ན། ཁོང་གིས་དཔའ་ངར་ཆེར་བསྐྱེད་ཀྱིས་ཧོར་དམག་ལ་འགོག་རྒོལ་བྱས། རྒྱ་ཚ་ཞལ་དཀར་སྐུ་གཤེགས་རྗེས་ཁོང་གླིང་གི་དམག་སྤྱིའི་མགོ་དཔོན་དུ་བསྐོས། ཕྱིས་སུ་ཁོང་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་འཁོར་དུ་བཞུགས་ནས་འཇང་ཡུལ་དང་། རྫོང་ཆེན་བཅོ་བརྒྱད་སོགས་ཕབ་སར་མཛད་རྗེས་བླ་ན་མེད་པ་བཞག་མྱོང་། ཁོང་གི་མིང་ལ་ཆོས་ལུ་བུ་ཡི་དར་འཕེན་དང་། ལྡོང་དར་འཕེན་དུག་གི་སྡོང་པོ་ཞེས་འབྲི་སྲོལ་ཡང་ཡོད། ཆུང་མའི་མིང་ལ་འདན་བཟའ་གངས་དཀར་མཚོ་མོ་ཞུ། མཁར་གྱི་མིང་ལ་ཕོ་བྲང་གའུ་གསེར་རྫོང་ཟེར། ཆིབས་རྟའི་མིང་ལ་མགྱོགས་པ་སྨུག་གུ་ལྡིང་ཤེས་ཟེར།
གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། རྨོག་དཀར་དུང་ཟླ་མཛེས་ལྡན་དང་། ཁྲབ་ཀྱི་མིང་ལ། དངུལ་ཁྲབ་རྒོད་གཤོག་རྒྱང་ཡག །ཕུབ་ཀྱི་མིང་ལ། གཡུ་ཕུབ་གླིང་བཞིའི་ཕྲ་རྒྱན། ར་གཞུའི་མིང་ལ། དཀར་མོ་མཆོག་དྲུག །མདའི་མིང་ལ། དུག་ལྕེ་ཁྲག་གི་འཁོར་ལོ། རལ་གྲིའི་མིང་ལ། དཔལ་གྲི་སྐོང་སྔོན་རལ་བ། མདུང་གི་མིང་ལ། དར་ཁྲ་རྩེ་དགུ་བཅས་སོ། །
༧ ཉ་ཚ་ཨ་བརྟན།
སྟག་རོང་ཉ་ཚ་ཨ་བརྟན་ནི་ཡབ་ཁྲོ་ཐུང་དང་། ཡུམ་འདན་བཟའ་ཁ་རག་གསེར་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གླིང་ཆེ་རྒྱུད་སྟག་རོང་དཔོན་པོ་ཁྲོ་ཐུང་གི་བུ་ཆེ་བ་ཡིན། གླིང་དཔའ་རྟུལ་སུམ་ཅུ་དང་དམ་པའི་མི་བདུན་གྱི་ཡ་གྱལ།སྟག་རོང་ཨ་ཁུ་ཁྲོ་ཐུང་གི་བུ་འབྲིང་བ་ཡིན། ཁོང་ནི་གཡུལ་འཁྲུག་གི་ལས་ལ་ཞུམ་པ་མེད་ཅིང་། དཔའ་སྙིང་འགྲན་ཟླ་བྲལ་བ། དགྲ་ལ་སྡང་ཞིང་གྲོགས་ལ་བྱམས་པ། རང་དོན་བསྐྱུར་ཅིང་གཞན་དོན་སྒྲུབ་པས་གླིང་མི་ཀུན་གྱིས་དད་གུས་ཐོབ་ས་ཞིག་ཡིན། ཁྲོ་ཐུང་དང་ངན་པ་ཁྱུ་འདྲེས་མ་བྱས་པར་རང་གི་རྒྱལ་ཁབ་ལ་དགའ་ཞེན་ཆེ་ཞིང་།ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱེད་སྐབས། ཁོང་གིས་དཔའ་ངར་ཆེར་སྐྱེད་ཀྱིས་དགྲའི་གདོང་ལ་བུད་ནས་འཐབ་འཁྲུག་རྒྱག་སྐབས། སྟབས་མ་ལེགས་པར་ཁོང་གིས་ཧོར་དམག་འདེད་བཅོམ་བྱེད་ཚེ་སྐུ་སྲོག་ཤོར། ཁོང་གི་མིང་ལ་ཁྲོ་ཐུང་ཉ་ཚ་ཨ་བརྟན་ཡང་ཟེར། ཁོང་གི་མཁར་ཤུལ་ནི་དེང་གི་སྡེ་དགེ་རྫོང་དཔེ་ཝར་དགོན་པའི་རྒྱབ་རིའི་ངོས་སུ་ཡོད། ཆུང་མའི་མིང་ལ་ལེགས་མཛེས་སྣང་གསལ་སྒྲོལ་མ་ཞུ། མཁར་གྱི་མིང་ལ་འབུམ་པ་ཆོས་ཕྱོར་ཐོག་རྫོང་ཟེར། ཆིབས་རྟའི་མིང་ལ་འདོ་བ་གངས་རི་ལྡིང་ཤེས་ཟེར། གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། གཡས་འཁྱིལ་དུང་གི་བུམ་ཆུང་། ཁྲབ་ཀྱི་མིང་ལ། དངུལ་ཞུན་ཟླ་བ་འོད་བརྒྱ།ཕུབ་ཀྱི་མིང་ལ། དངུལ་ཕུབ་སྒོ་བཞིའི་དར་མདུད། གཞུའི་མིང་ལ། མཐའ་གླིང་འགུགས་པའི་མཆོག་དཀར། མདའི་མིང་ལ། འུག་སྒྲོ་དགྲ་བོའི་ཤ་གཟན། རལ་གྲིའི་མིང་ལ། སེ་གྲི་གད་པ་ཞིག་འདྲ། མདུང་གི་མིང་ལ། དགྲ་སྲོག་གཅོད་པའི་བརྩེགས་དགུ་ཟེར་བ་ཡིན་ནོ། །
