༄༅།།གླིང་སྒྲུང་གི་མི་སྣ་ངོ་སྤྲོད་ལས་མེ་བཟའ་འབུམ་སྐྱིད།
མེ་བཟའ་འབུམ་སྐྱིད་ནི་ཡབ་དཔོན་མེ་རུ་རྒྱལ་པོ་དང་ཡུམ་མེ་རུའི་བཙུན་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གླིང་རྗེ་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་བཙུན་མོ་ཞིག་ཀྱང་ཡིན་ལ། མོའི་གོ་གནས་འབྲུག་མོ་ལས་དམའ་བ་ཙམ་དང་། གླིང་གི་དྭངས་སྨན་མཆེད་བརྒྱད་ཀྱི་ཡ་གྱལ་ཞིག་ཀྱང་རེད། འབུམ་པའི་མགོ་དཔོན་གྱི་སྲས་མོ་རེད་ཅེས་ཀྱང་བཤད་སྲོལ་ཡོད། མོ་ནི་ཧ་ཅང་གཟུགས་མཛེས་ཤིང་ཡིད་དབང་འཕྲོག་པ་ཞིག་ཡིན་ཕྱིར། བདུད་རྒྱལ་ཀླུ་བཙན་རྒྱལ་པོས་སྟོབས་ཤུགས་ཀྱིས་འཕྲོག །གླིང་རྗེ་གེ་སར་རྒྱལ་པོ་བདུད་ཡུལ་དུ་གཡུལ་འགྱེད་སར་ཕེབས་པར། མེ་བཟས་རོགས་སྐྱོར་འོག་ཏུ། གླིང་རྗེ་གེ་སར་རྒྱལ་པོས་བདུད་བཏུལ་བའི་རྒྱལ་ཁ་བླངས། མེ་བཟའ་དང་འབྲུག་མོ་གཉིས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོའི་གཅེས་སྐྱོང་རྩོད་པའི་ཆེད་དུ། མེ་བཟས་གླིང་རྗེ་གེ་སར་རྒྱལ་པོ་ལ་བརྗེད་བྱེད་ཀྱི་གསོལ་སྐྱེམས་སམ་བརྗེད་ཆུ་དྲངས་ནས། གླིང་རྗེ་གེ་སར་རྒྱལ་པོ་མེ་བཟའ་དང་བདུད་བཟའ་ཨ་སྟག་ལྷ་མོ་དང་ལྷན་ཅིག་བདུད་ཡུལ་དུ་ལོ་དགུར་ལུས། དེའི་སྐབས་སུ་ཧོར་གུར་དཀར་རྒྱལ་པོས་གླིང་གི་རྒྱལ་ས་འཕྲོག་པ་དང་། དཔའ་རྟུལ་བཀྲོངས་ཤིང་འབྲུག་མོ་གསོན་བཟུང་བྱས་པ་སོགས་བྱུང་ཡོད། ཕྱིས་སུ་ལྷ་བྱ་ཁྲུང་ཁྲུང་དཀར་མོས་སྐྱེལ་བའི་འཕྲིན་ཡིག་ཅིག་འབྱོར་རྗེས། གླིང་རྗེ་གེ་སར་རྒྱལ་པོ་དང་མེ་བཟའ་གཉིས་ད་གཟོད་གླིང་ཡུལ་དུ་ལོག །ཡང་བཤད་སྲོལ་ཞིག་ལ་མེ་བཟའ་འབུམ་སྐྱིད་ཐོག་མར་བདུད་རྒྱལ་ཀླུ་བཙན་གྱི་བཙུན་མོ་ཡིན་ཞིང་། བདུད་འདུལ་བའི་དུས་ལ་བབ་པ་ན། གླིང་རྗེ་གེ་སར་རྒྱལ་པོས་བདུད་འདུལ་སྐབས་མེ་བཟའ་འབུམ་སྐྱིད་དེ་དཔའ་མཛངས་ལྡན་པའི་གླིང་རྗེ་གེ་སར་རྒྱལ་པོ་ལ། མཛའ་སེམས་སྐྱེས་ཏེ་རོགས་རམ་བྱས་ནས་བདུད་རྒྱལ་ཀླུ་བཙན་ནག་པོ་འཇིག་རྟེན་ཕྱི་མའི་ཡུལ་དུ་བསྐྱལ། དེ་ཡི་རྗེས་སུ་གླིང་རྗེ་གེ་སར་རྒྱལ་པོས་མེ་བཟའ་ཁབ་ཏུ་བཞེས་པ་རེད་ཅེས་བཤད་ཚུལ་ཞིག་ཀྱང་ཡོད།
