༄༅།།སྟོང་ཉིད་མགར་བཟའ་ཆོས་སྒྲོན།
སྟོང་ཉིད་མགར་བཟའ་ཆོས་སྒྲོན་ནི་ཡབ་ཧོར་ཆེན་ཐོག་གི་རྒྱུད་པ་མགར་ཆོས་དར་རྒྱལ་པོ་དང་། ཡུམ་ཐང་པ་ཨ་མཚོ་རྒྱལ་མོ་གཉིས་ཀྱི་སྲས་མོ་རུ། རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོ་སྟེ། སྤྱི་ལོ༡༠༣༨ལོའི་རྒྱལ་ཟླ་བའི་ཚེས༢༥ལ་ཧོར་ཡུལ་དུ་སྐུ་འཁྲུངས། མོ་ནི་སྤྱང་གྲུང་ལྡན་ཞིང་རྩིས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས། ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱེད་སྐབས། མགར་བཟས་རྩིས་བརྒྱབ་ནས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱེད་མི་ཉན་པའི་ཉེན་བརྡ་བཏང་ཡང་རྒྱལ་པོས་ཁས་མ་བླངས། ཧོར་གླིང་དམག་འཁྲུག་བསླངས་རྗེས་སེང་ལྕམ་འབྲུག་མོ་ལ་རོགས་རམ་ཐེངས་མང་བྱས། གླིང་རྗེ་གེ་སར་རྒྱལ་པོ་དཔའ་ཁེར་རྒྱུག་བྱས་ཏེ་ཧོར་རྒྱལ་འདུལ་བར་ཕེབས་སྐབས། མཚན་ལ་བསམ་འཕེལ་དོན་འགྲུབ་བམ་མགར་བའི་བུ་ཐང་རྙེད་ཀྱང་ཟེར་དོན་ལ་བུ་ཕྲུག་འཁྱར་མ་ཞིག་ཡིན་མདོག་བྱས་ཏེ། ཆོས་དར་རྒྱལ་པོས་བུ་ཚབ་ཏུ་གསོས་པར་བརྟེན་སྲས་མོ་ཆོས་སྒྲོན་དང་རྟག་པར་མཉམ་འགྲོ་དང་། མཉམ་འདུག་བྱས་པས་ཕན་ཚུན་བར་ལ་དགའ་ཞེན་གྱི་བརྩེ་དུང་ཆགས། བུ་མོས་འབད་བརྩོན་གྱིས་རོགས་རམ་དུ་མ་གནང་བའི་འོག་ཏུ། ཧོར་གུར་དཀར་གྱི་ནུས་ཤུགས་ཡོངས་སུ་ཉམས་པར་བྱས་ཏེ་བཏུལ། རྗེས་སུ་གླིང་ཡུལ་དུ་ཕྱིར་ལོག་རྗེས་མགར་བཟའ་ཆོས་སྒྲོན་ཁོང་གི་བཙུན་མོར་བཞེས་པ་ཡིན་ནོ། །
