༄༅།།ཨ་སྟག་ལྷ་མོ།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
རིག་འཛིན་བསྟན་སྲུང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༢

ཨ་སྟག་ལྷ་མོ་ནི་ཡབ་བྱང་རི་ཤི་ལྷ་དར་དང་། ཡུམ་བྱུ་རི་མཚོ་མོ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་པའི་ནང་དུ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཀྱི་མངའ་ཁོངས་སུ་སྐུ་འཁྲུངས། མོའི་མིང་ལ་ཨ་སྟག་ཀླུ་མོ་དང་། ཨ་སྟག་དཔའ་མོ། ཨ་སྟག་འཁྱིལ་བའི་ཀླུ་མོ། ཨ་སྟག་ལྷ་མོ། ཨ་སྟག་བདུད་མོ་བཅས་མིང་དུ་མ་ཡོད། དཔའ་མོ་འདི་ནི་གཡུལ་གྱི་ལས་ལ་མཁས་ཤིང་ཁྱད་པར་དུ་དྲག་རྩལ་ལ་བྱང་བའི་དཔའ་མོ་ཞེས་པའི་མཚན་སྙན་ཡང་ཐོབ། མོ་ནི་མདའ་འཕེན་རྒྱུར་ཧ་ཅང་མཁས། གླིང་གི་མདའ་མཁན་རྣམ་གསུམ་གྱི་ཡ་གྱལ། གླིང་རྗེ་གེ་སར་རྒྱལ་པོས་བྱང་གི་དགྲ་ངན་རྣམས་ཆམ་ལ་ཕབ་སྐབས་ཨ་སྟག་ལྷ་མོས་ཞབས་ཕྱི་ལེགས་པོར་ཞུས། གླིང་རྗེ་གེ་སར་རྒྱལ་པོས་དགྲ་བཙན་འགག་སོགས་གཏོར་ནས་རྒྱལ་ཁ་བླངས་རྗེས་ཨ་སྟག་ལྷ་མོ་བཙུན་མོར་བསུས། རྗེས་སུ་ཧོར་དང་མོན། འཇང་བཅས་ལ་དཔུང་འཇུག་བྱེད་སྐབས་ཨ་སྟག་ལྷ་མོས་གླིང་རྗེ་གེ་སར་ལ་དཔུང་རོགས་མཛད་དེ་རྒྱལ་ཁ་ཐོབ། མཐར་གླིང་རྗེ་གེ་སར་རྒྱལ་པོས་རྒྱ་ནག་ཇ་རྫོང་ཕབ་སྐབས་དཔའ་མོ་ཨ་སྟག་ལྷ་མོ་ནད་རྐྱེན་གྱིས་སྐུ་གཤེགས། སྒྲུང་ཡིག《དམྱལ་གླིང་མུན་པ་རང་སེལ།》ལས་གླིང་རྗེ་གེ་སར་རྒྱལ་པོ་དམྱལ་བར་ཕེབས་ནས་བཙུན་མོ་ཨ་སྟག་ལྷ་མོ་དག་ཞིང་དུ་དྲངས་ཚུལ་བཀོད་ཡོད། མོའི་འཁྲུངས་ས་དངོས་ནི་དེང་གི་བོད་ལྗོངས་ཀྱི་སྟོད་མངའ་རིས་ས་ཁུལ་དགེ་རྩེ་རྫོང་གྲ་སྦུག་ཡུལ་ཤོག་དམར་རྒོག་གྲོང་སྡེ་ཞེས་པར་ཡོད་པར་མ་ཚད། གནའ་ཤུལ་མང་པོ་ཞིག་ད་ལྟ་ལའང་ས་མིང་མ་འགྱུར་བར་ཡོད་པ། དཔེར་ན། དཔའ་མོའི་འོག་སྡེའི་རྒྱ་ཁྱོན་ལ་ཤོག་ཆེན་བདུན་ཡོད། དེ་དག་ནི་རྒར་སྡེ་ཤོག་དང་། སྤུ་ཧྲེང་སྡེ་ཤོག སྒར་རྫོང་སྡེ་ཤོག །དགེ་རྒྱས་སྡེ་ཤོག །རུ་ཐོག་སྡེ་ཤོག །རྩ་མདའ་སྡེ་ཤོག །མཚོ་ཆེནསྡེ་ཤོག་སྟེ་སྡེ་ཤོག་ཆེན་པོ་བདུན་སོགས་སྟོང་སྡེ་མང་པོའི་དཔོན་ཆེན་དཔའ་མོ་ཨ་སྟག་ཅེས་བརྗོད་པ་ཡིན། དེང་སང་ནི་སྡེ་ཤོག་དེ་ཚོའི་མིང་ལ་རྫོང་ཞེས་མིང་བཏགས་ཡོད། མཁར་གྱི་མིང་ལ་བདུད་མཁར་ལྕགས་ར་རྩེ་དགུ་ཟེར། ཆིབས་རྟའི་མིང་ལ་འདོ་བ་རག་པ་སྟག་ཡག་ཟེར། གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། ཁྱུང་གཏོར་རྩེ་ལྔ། ཁྲབ་ཀྱི་མིང་ལ། ལི་ཁྲབ་གནམ་ལྕགས་སྲོག་རྫོང་། ཕུབ་ཀྱི་མིང་ལ། རྒྱལ་ཕུབ་སྲིན་པོའི་གདོང་ཞལ། གཞུའི་མིང་ལ། ལྕགས་གཞུ་གནམ་ས་རང་འགུགས། མདའི་མིང་ལ། འུག་པ་ཁྲག་གི་སྤུ་གྲི། རལ་གྲིའི་མིང་ལ། ངོ་ནག་བཏབ་ཆོད། མདུང་གི་མིང་ལ། དར་ཁྲ་རྩེ་བརྒྱད་བཅས་སོ། །