༄༅།།སྡིག་གཅོད་ཤན་པ།
སྡིག་གཅོད་ཤན་པ་མེ་རུ་རྩེ་ནི་ཡབ་སྡིག་པ་རྭ་ཙ་དང་། ཡུམ་སྲིན་མོ་ཁྲག་འཐུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་མིང་ལ་མེ་རུ་རྩེའང་ཟེར། སྤྱིར་ན་ཤན་པ་ཞེས་པའི་དོན་ནི་ཧོར་གྱི་དམག་དཔོན་རྣམས་ཀྱི་གོ་གནས་ཤིག་གི་མིང་ཡིན་པར་བཤད། ཁོང་ནི་གླིང་གི་དཔའ་ཐུལ་དངོས་མིན་ཡང་རྗེས་སུ་གླིང་ལ་གསར་དུ་ཐོན་པ་ཞིག་ཡིན། ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་འཛུལ་བྱེད་སྐབས། ཧོར་གྱི་ཤན་པ་མེ་རུ་རྩེས་གེ་སར་གྱི་ཕུ་བོ་རྒྱ་ཚ་ཞལ་དཀར་བསད་མོད། ཡིན་ན་ཡང་གེ་སར་གྱིས་ཧོར་ཡུལ་དབང་དུ་བསྡུས་རྗེས་སུ་ཤན་པ་རྨེ་རུ་རྩེས་གེ་སར་རྒྱལ་པོ་ལ་དད་འདུན་གྱིས་གླིང་ལ་མགོ་སྒུར། གེ་སར་གྱིས་ཤན་པའི་ནག་ཉེས་རྩད་གཅོད་གཏན་ནས་མ་བྱས་པར་མ་ཚད། ཁོང་ཧོར་ཚོ་ཁག་བཅུ་གཉིས་ཀྱི་སྡེ་དཔོན་ལ་བསྐོས། དེ་ལ་གླིང་གི་དམག་དཔོན་རྣམས་ཀྱིས་དང་ལེན་མ་བྱས་པ་དང་། ཁྱད་པར་དུ་ཚ་ཞང་འདན་མའི་ཐུགས་དགོངས་འཁྲུགས་ཏེ། འདན་མ་དང་ཤན་པའི་བར་ལ་རྩོད་གླེང་ཚབས་ཆེན་ཞིག་བྱུང་སྐབས། རྒྱ་ཚའི་ཞལ་ཆེམས་བཞིན་ཤན་པ་ལ་ངན་པ་བྱ་མི་ཉན་རྒྱུའི་གླིང་གི་མི་རྒན་འགས་ཐག་བཅད་པ་ལྟར། ཤན་འདན་བར་ལ་འཁྲུག་རྩོད་ཚབས་ཆེན་དེ་རྒྱག་མི་དགོས་པ་བྱུང་ཡོད། མིང་གི་རྣམ་གྲངས་ལ། ཤན་པ་དང་། རྨེ་རུ་རྩེ། སྡིག་གཅོད་ཤན་པ་རྒྱལ་པོ། སྡིག་གཅོད་ཤན་པ་རྨེ་རུ་སོགས་འབོད་སྲོལ་ཡོད། སྒྲུང་ཡིག་འགའི་ནང་དུ་ཁོང་རང་ཉིད་ཀྱིས་ངོ་སྤྲོད་བྱེད་སྐབས་རྨེ་རུ་རྩེ་ལ་རྩེ་ལྔ་ཡོད་ཚུལ་བཤད་ཡོད།གཞན་ཡང་ལྷ་སྒྲུང་ལྟར་ན་རྒྱ་ཚ་ཞལ་དཀར་ལྷ་ཡུལ་ནས་མི་ཡུལ་དུ་བྱོན་ཏེ་ཁོང་གཉིས་ཀྱི་བར་ལ་གཟུ་པ་བྱས་པའི་བཤད་སྟངས་དེ་ནི་ལྷ་སྒྲུང་བཤད་ཚུལ་ཙམ་ཡིན། རྗེས་སུ་གླིང་རྗེ་གེ་སར་རྒྱལ་པོའི་བློན་ཆེན་ཞིག་ཏུ་གྱུར། ཕྱིས་སུ་བདུད་འདུལ་གཡུལ་འཁྲུག་གི་ཁྲོད་དུ་ཁོང་དམག་ཇུས་ལ་ཤིན་ཏུ་མཁས་ཤིང་། བྱས་རྗེས་ཆེན་པོ་བཞག་ཡོད་པ་ཞིག་ཡིན་པས། གླིང་དམག་དང་མངའ་འབངས་ཀུན་གྱི་བརྩི་བཀུར་ཆེན་པོར་ཐོབ།སྔོན་ཆད་ཁོང་རང་ཡུལ་དུ་ཡོད་སྐབས་ཧོར་གུར་དཀར་རྒྱལ་པོ་ལ་ལྷག་བསམ་རྣམ་དག་གིས་དཔུང་རོགས་བྱས་ནས་མཛད་རྗེས་བླ་ན་མེད་པ་བཞག་མྱོང་མཁན་ཞིག་ཀྱང་ཡིན་པར་བཤད། ཆུང་མའི་མིང་ལ་ཐང་བཟའ་པདྨ་ཁྲི་ལྡན་དང་ནེའུ་ཆུང་གཉིས་ཡོད། མཁར་གྱི་མིང་ལ་མཁར་ཆེན་མཛོ་མོ་རུ་རྫོང་ཟེར། ཆིབས་རྟའི་མིང་ལ་རག་རྟ་འཕུར་ཤེས་ཟེར།གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས། རྨོག་གི་མིང་ལ། ཟངས་རྨོག་ཁྱུང་གཏོར་རྩེ་ལྔ། ཁྲབ་ཀྱི་མིང་ལ། ཟངས་ཁྲབ་རྫ་རི་ཐོག་གདུགས། ཕུབ་ཀྱི་མིང་ལ། ངོམ་ཆེན་ཕུབ་མོ་ངོས་བཞི། གཞུའི་མིང་ལ། གཞུ་མོ་རྭ་རྒོད་འཁྱིལ་བ། མདའི་མིང་ལ། དུག་མདའ་ལེབ་མ་ཤ་གཟན། རལ་གྲིའི་མིང་ལ། དུག་རལ་འབར་བ། མདུང་གི་མིང་ལ། དུག་མདུང་གཤིན་རྗེ་སོ་བརྒྱད་བཅས་སོ། །
