༄༅།།ལྷ་སྲས་དགྲ་བླ་རྩེ་རྒྱལ།
ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ནི་ཡབ་རྒྱ་ཚ་ཞལ་དཀར་དང་། ཡུམ་རག་བཟའ་དགེ་མཚོ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་གཅིག་པའི་ནང་དུ་གླིང་ཚང་རྒྱལ་པོའི་རྒྱལ་ས་དེང་གི་དགེ་སྡེ་རྫོང་འགུ་ཟི་གྲོང་རྡལ་མངའ་ཁོངས་སུ་སྐུ་འཁྲུངས། གེ་སར་རྒྱལ་པོའི་ཐུགས་ཀྱི་སྲས་སུ་གྱུར། གླིང་གི་རྒན་རབས་ཡོངས་ཀྱིས་སྙིང་ནོར་ལྟར་གཅེས་པས་ཁོང་གི་མིང་ལ་ལྷ་སྲས་དགྲ་བླ་རྩེ་རྒྱལ་ཞེས་འབོད། གཅེས་ཕྲུག་དར་མ་བཅུ་གསུམ་གྱི་ཡ་གྱལ། ཡབ་རྒན་རྒྱ་ཚ་ཞལ་དཀར་སྐུ་གཤེགས་དུས། ཁོང་དགུང་ལོ་བཅུ་གཅིག་ཡིན། སྐུ་ན་ཆུང་བའི་དུས་ནས་དཔའ་རྩལ་རྒྱས་ཏེ་སྟག་མོ་ནགས་ལ་འགྲོ་བ་ལྟར། མི་རྐྱང་རྟ་རྐྱང་བྱས་ནས་གཞན་ཡུལ་ལ་ཁུ་བོ་གླིང་གེ་སར་རྒྱལ་པོ་འཚོལ་སར་སོང་། རྗེས་སུ་གླིང་རྗེ་གེ་སར་རྒྱལ་པོའི་དཔུང་ཡ་བྱས་ཏེ་མོན་དང་འཇང་། མི་ནུབ། ཁ་ཆེ་སོགས་རྒྱལ་ཕྲན་མང་པོ་ལ་གཡུལ་འགྱེད་དེ་ཆམ་ལ་ཕབས་ནས་རྟིང་མ་བླངས་པས་མཛད་རྗེས་ཤིན་ཏུ་ཆེ་བས། གླིང་དམག་དང་འབངས་ཡོངས་ཀྱིས་སྤྱི་བོའི་གཙུག་ཏུ་བཀུར། དར་བཟའ་གཡུ་ཡི་སྒྲོན་མེ་དང་རོང་བཟའ་ཨ་སྨན་སྐེ་ཕྲ་མ་གཉིས་བཙུན་མོར་བསུས། གླིང་རྗེ་གེ་སར་རྒྱལ་པོ་སྐུ་གཤེགས་པའི་རྗེས་སུ་ཁོང་གིས་ཁྲ་མོ་གླིང་གི་རྒྱལ་སྲིད་བསྐྱངས། རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ཏེ་སྤྱི་ལོ༡༡༦༤ལོར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་སྐུ་གཤེགས་སྐབས་ཀཿདམ་པ་བདེ་གཤེགས་འཕོ་བ་འདེབས་སར་བྱོན། སྐབས་དེར་བླ་མ་ལ་འབུལ་བ་རྒྱ་ཚའི་ཁྲབ་ལྷ་བཟང་དཀར་མོ་དང་རལ་གྲི་ཡ་ཟི་སྐར་ཕྲན་སོགས་རྒྱུ་ནོར་གྱི་འབུལ་བ་གྱ་ནོམ་པ་ཕུལ། འབུམ་པའི་དགྲ་ལྷ་རྩེ་རྒྱལ་ཞིང་ལ་ཕེབས་སྐབས་ཐུན་མོང་མ་ཡིན་པའི་ཡོན་མཆོད་དུ་གྱུར། དགྲ་ལྷ་རྩེ་རྒྱལ་གྱི་སྲས་དགྲ་ལྷ་དར་རྒྱས་ཡིན། དེའི་སྲས་ད་ཧྲང་སངས་རྒྱས་རྒྱ་མཚོ་ཡིན། རྗེས་སུ་སྲས་དགྲ་ལྷ་དར་རྒྱས་སྐུ་གཤེགས་སྐབས། བྱང་རྟ་རྣ་དགོན་པའི་བླ་མ་ཡེལ་པ་རིན་པོ་ཆེ་འཕོ་འདེབས་སུ་དྲངས། གཞན་པ་རྒྱུ་ནོར་རྩ་ཆེན་ཅི་དང་ཅི་ཞིག་ཕུལ་ཡང་ཞལ་བཞེས་གཏན་ནས་མ་གནང་བས། མཐར་ཁོང་གི་བུ་ད་ཧྲང་སངས་རྒྱས་རྒྱ་མཚོས་འཕོ་འདེབས་ཀྱི་ཡོན་དུ་གླིང་གི་རྟེན་གསུམ་དང་། དངོས་རྫས་སོགས་གླིང་གི་ཕ་ནོར་ཡོངས་རྫོགས་ཕུལ་དགོས་བྱུང་། རྒྱུ་མཚན་དེས་ན་གནའ་ནས་ད་ལྟའི་བར་དུ་གླིང་གི་ནང་རྟེན་ཡོངས་རྫོགས་བྱང་རྟ་རྣ་དགོན་པའི་ནང་དུ་ཉར་ཡོད་པ་ཡིན་ཟེར། སྲས་དགྲ་བླ་རྩེ་རྒྱལ་གྱི་མི་ཡི་རྒྱུད་པ་ནི་ད་ལྟའི་གླིང་ཚང་རྒྱལ་པོ་ཚང་ཡིན། ལྷ་སྲས་ནས་མར་རྩིས་ན་རྒྱལ་རབས་སམ་མི་རབས༣༣ལྷག་ཙམ་སོང་ཡོད་པར་བཤད། དེའི་ཁྱིམ་རྒྱུད་ཀྱི་གླིང་ཚང་རྒྱལ་པོ་ཚང་ད་ལྟ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་བཞུགས་ཡོད། ཆུང་མའི་མིང་ལ་དར་བཟའ་གཡུ་ཡི་སྒྲོན་མ་ཞུ། མཁར་གྱི་མིང་ལ་ཕོ་བྲང་དངུལ་ཆུ་ཁྲོ་རྫོང་ཟེར། ཆིབས་རྟའི་མིང་ལ་མགྱོགས་པ་རླུང་གཤོག་ཟེར། ཁོང་གི་མཚན་ལ་མུ་བའི་ལྷ་སྲས་ཀྱང་ཟེར་སྲོལ་ཡོད། གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས།
རྨོག་ཀྱི་མིང་ལ། དངུལ་རྨོག་ནོར་བུ་རྩེ་བརྒྱད། ཁྲབ་ཀྱི་མིང་ལ། དངུལ་ཁྲབ་ཟླ་བའི་འོད་རྫོང་། ཕུབ་ཀྱི་མིང་ལ། དངུལ་ཕུབ་སྐྱ་རིང་འདབ་བརྒྱ། གཞུའི་མིང་ལ། དངུལ་མོ་མཆོག་ཡག །མདའི་མིང་ལ། ཐང་གཤོག་རླུང་ཤུགས་ཁྲག་འཐུང་། རལ་གྲིའི་མིང་ལ། སྟག་ཤ་ཁྲག་གི་ཟེ་བ། མདུང་གི་མིང་ལ། བཀྲ་ཤིས་ལྷ་ཡི་བ་དན་བཅས་སོ། །
