༄༅།།ཁམས་གླིང་ཚང་གི་མི་རྒྱུད་སྐོར།
ཁམས་གླིང་ཚང་གི་མི་རྒྱུད་སྐོར།
གླིང་གེ་སར་འདས་ཚར་རྗེས་རིམ་གྱིས་མངའ་ཐང་ཉམས་པར་གྱུར་ནའང་ཁོང་གི་གདུང་རྒྱུད་དང་། མི་སྡེ་བཅས་དངོས་སུ་ལྷག་ཡོད་པ་ནི་ད་ལྟའི་གླིང་ཚང་རྒྱལ་པོ་ཚང་རེད། ཁམས་གླིང་ཚང་རྒྱལ་པོ་ཚང་གི་དེང་སྐབས་བཞུགས་བཞིན་པའི་གླིང་ཚང་རྒྱལ་སྲས་སྟོབས་ལྡན་དབང་རྒྱལ་ནི་ལྡོང་ཆོས་ལ་འཕན་ནས་རྩིས་ན་མི་རབས༦༥པ་ཡིན་ཞིང་། ཡང་གླིང་གི་ཆོས་འཕན་ནག་པོ་ནས་མགོ་བཟུང་སྟེ་བརྩིས་ན་མི་རབས༢༨སོང་ཡོད། གླིང་གི་རྒྱུ་ནོར་རྩ་ཆེན་འགའ་རེ་ཡོད་པ་རྣམས་ནི་ཁམས་གླིང་ཚང་རྒྱལ་པོའི་ལྷ་ཁང་ནང་དུ་གེ་སར་གྱི་ཐམ་ཀ་དང་། འཁོར་གསུམ། ཁྲབ་དང་རྨོག །རྟ་སྒ་དང་རྟ་སྟན་བཅས་དངོས་སུ་བཤམས་ཡོད་པ་རྣམས། དུས་རབས་ཉི་ཤུའི་ལོ་རབས༢༠པའི་ནང་རྒྱ་བོད་ཀྱི་མཁས་པ་མང་པོ་ཞིག་གིས་དེར་རྟོག་ཞིབ་ལ་འགྲོ་སྐབས་ཚང་མས་དངོས་སུ་མཐོང་ཡོད་པ་རེད།
གླིང་གེ་སར་གྱི་མཛད་རྗེས་ཅུང་ཟད་བཤད་པ།
གེ་སར་གྱིས་གླིང་གི་རྒྱལ་པོ་མཛད་དགོས་བྱུང་ཚུལ་སྐོར། ཁོང་བྱིས་པའི་དུས་ནས་རིག་སྟོབས་ཧ་ཅང་ཆེ་བའི་ཨ་ཁུ་ཁྲོ་ཐུང་ལ་སོགས་མི་ཁག་ཅིག་གིས་ཕྲག་དོག་བྱས་པའི་རྐྱེན་གྱིས། ཁོང་ལ་སྒྲིག་འགལ་གྱི་ནག་ཉེས་མང་པོ་ཞིག་ཡོད་པར་བཤད་ནས་གླིང་ཡུལ་ནས་ཕུད་དགོས་པའི་བཀའ་ཆད་ཕོག་སྟེ། ཁོང་མ་བུ་གཉིས་རྨ་སྨད་གཡུ་ལུང་སུམ་མདོར་རྒྱང་ཕུད་བཏང་། རེ་ཞིག་འཚོ་བ་སྐྱོ་པོ་བྱས་ཏེ་བཞུགས། རྗེས་སུ་གླིང་གི་རྒྱལ་སའི་དོན་དུ་གླིང་ནང་ཁུལ་ལའང་འཐབ་རྩོད་ཛ་དྲག་བྱུང་སྐབས་གླིང་གི་རྒྱལ་ས་དང་། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་གཙོའི་ཕ་ཟོག་ནོར་བུ་ཆ་བདུན་རྟ་རྒྱུག་གི་རྒྱན་དུ་འཇོག་རྒྱུའི་གྲོས་སྡུར་བྱེད་རྒྱུའི་གྲོས་ཐག་སྤྱི་དཔོན་གྱིས་བཅད། རིགས་རུས་དང་། ཐོབ་ཐང་། དབུལ་ཕྱུག་སོགས་ཀྱི་ཁྱད་པར་མེད་པར་གླིང་གི་རུས་སུ་གཏོགས་པའི་མི་ཚང་མ་རྒྱུག་འགྲན་ནང་དུ་ཞུགས་ཆོག་རྒྱུ་དྲིལ་བསྒྲགས་བྱེད་སྐབས། ཇོ་རུའི་ཕུ་བོ་རྒྱ་ཚ་ཞལ་དཀར་གྱིས་ཇོ་རུ་འབོད་སར་འབྲུག་མོ་མངགས། ཇོ་རུས་རྟ་རྐྱང་རྒོད་ཆིབས་ནས་དུས་ཐོག་ཏུ་གླིང་ཡུལ་ལ་འབྱོར། ཁོང་སྤྱི་ལོ༡༠༥༠ལོར་རྟ་རྒྱུག་གི་འགྲན་སྡུར་ནང་དུ་ཞུགས་ནས་རྟ་རྒྱུག་གི་རྒྱལ་ཁ་ཐོབ་པས་ཤར་མདོ་ཁམས་ཚོ་དྲུག་གླིང་གི་སྤྱིའི་རྗེ་བོར་མངའ་གསོལ། གླིང་གི་རྒྱལ་ས་དང་། སེང་ལྕམ་འབྲུག་མོའི་ཕ་ཟོག་ནོར་བུ་ཆ་བདུན་སོགས་ཇོ་རུ་ལ་ཐོབ། དེ་ནས་བཟུང་སྟེ་གླིང་རྗེ་གེ་སར་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ། སྐབས་དེར་གླིང་ཆེ་འབྲིང་ཆུང་གསུམ་གྱི་སྡེ་འབངས་ཡོངས་ཀྱིས་ཁོང་ལ་དར་དཀར་བཏང་བ་སོགས་ཀྱི་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ། མཐར་ཁོང་སྐུ་གཤེགས་ཁར་གླིང་གི་རྒྱལ་སའི་དབང་ཆ་རྣམས་ཕུ་བོ་རྒྱ་ཚའི་བུ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་སྤྲད།
གླིང་གི་མཛད་རྗེས་གཙོ་བོ་ནི། བོད་སིལ་བུ་འཐོར་སྐབས་སུ། ཕྱོགས་ཀྱི་རྒྱལ་ཕྲན་གཞན་པ་ཚོས་བོད་ཀྱི་རྒྱལ་སྲིད་ཉམས་པ་དང་། གཅིག་གྱུར་མེད་པར་ཤེས་ནས། བོད་ལ་བརྙས་བཅོས་དང་། མནར་གཅོད། བཙན་གནོད་ཅི་ཐུབ་བྱས་ཡོད་པ་རྣམས། གླིང་རྗེ་གེ་སར་རྒྱལ་པོས་གནས་ཚུལ་དེ་མཁྱེན་ནས། ཁོང་གིས་གླིང་གི་དཔའ་རྟུལ་མང་པོ་ཁྲིད་དེ། གཡུལ་ལས་རྣམ་པར་རྒྱལ་བའི་ལས་ལ་ཞུགས་ཏེ། བཙན་གནོད་བྱེད་པའི་ཕྱིའི་རྒྱལ་ཁབ་ཀྱི་རྫོང་ཆེན་བཅོ་བརྒྱད་དང་། རྫོང་ཆུང་ཉི་ཤུ་ལྷག་ཆམ་ལ་ཕབ་ནས། བོད་ཀྱི་སྡེ་འབངས་རྣམས་ལ་གཏོར་བཤིག་གཏོང་མཁན་གྱི་ཇག་དཔོན་དང་། དགྲ་ངན་མ་རུངས་པ་རྣམས་བཏུལ། བོད་འབངས་རྣམས་བདེ་བར་བཀོད། ཉམ་ཆུང་མཐའ་ནས་བསྐྱངས། བཙན་པོ་གཉའ་ནས་གནོན་ཞིང་། དགྲ་འདུལ་ཞིང་གཉེན་སྐྱོང་བའི་རྨང་གཞིའི་ཐོག་ཏུ། ཚང་མ་ལ་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། འཆམ་མཐུན། འདྲ་མཉམ་ཡོང་ཐབས་ཁོ་ན་ལ་འབད་མཁན་ཞིག་ཡིན་པར་བཤད།
གླིང་རྗེ་གེ་སར་རྒྱལ་པོ་ནི་ཡབ་གླིང་ཆུང་རྒྱུད་ཀྱི་དཔོན་པོ་སེང་བློན་དང་། ཡུམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་སྟག་ལོ་སྟེ། སྤྱི་ལོ༡༠༣༨ལོར་བོད་ཀྱི་ཁམས་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་ཚ་ཚྭའི་ཉེ་འདབས་ཀྱི་སྐྱིད་སོས་ཡག་གི་ཁ་མདོ་རུ་སྐུ་འཁྲུངས། སྤྱིར་གེ་སར་ཞེས་པའི་དོན་ནི་མེ་ཏོག་གི་ཟེའུ་འབྲུ་ལ་འཇུག་ནའང་། སྐབས་འདིར་ན་ཚོད་སྨིན་ཅིང་མི་གོ་དང་ལྷ་གོ་ཆོད་པའི་དོན་ལ་འཇུག་པར་མ་ཚད། གེ་སར་གྱི་ནང་དོན་གཙོ་བོ་ནི་གཡུལ་ལས་རྣམ་པར་རྒྱལ་ཞིང་བློ་རིག་གེ་སར་བའམ་དཔའ་ངར་འགྲན་ཟླ་དང་བྲལ་བའི་དོན་ལའང་འཇུག་པར་བཤད། ཁོང་དགུང་ལོ་ཆུང་དུས་ཀྱི་མཚན་ལ་ཇོ་རུ་ཟེར། གེ་སར་ཁྲ་མོ་གླིང་གི་གསེར་ཁྲི་ལ་བཞུགས་ཤིང་རྒྱལ་སྲིད་ཀྱི་དབང་ཆ་ཐོབ་ནས། ཇོ་རུ་རྒྱལ་ཁྲི་ལ་འཁོད་པའི་སྐབས་སུ་སྟག་རོང་དཔོན་པོ་ཁྲོ་ཐུང་གི་ངའི་ཚ་བོ་འདི་འདྲའི་གེ་སར་བ་ལ་ཞེས་ཁུ་བོ་ཁྲོ་ཐུང་གིས་མཚན་གསོལ་ཞེས་བཤད་སྲོལ་ཡང་ཡོད། མཚན་གྱི་རྣམ་གྲངས་ལ། ཇོ་རུ་དང་། ཨབ་མཁན་ཇོ་རུ། ཐང་རྙེད། གླིང་རྗེ་གེ་སར་རྒྱལ་པོ། འཛམ་གླིང་གེ་སར་རྒྱལ་པོ། གླིང་རྗེ་མི་ཡི་ཉི་མ། གླིང་དཀར་ཡ་བདག །ཚངས་པ་ལྷའི་མེ་ཏོག །འཛམ་གླིང་སེང་ཆེན་སྐྱེས་བུ་ཆེན་པོ་ནོར་བུ་དགྲ་འདུལ། གླིང་སེང་ཆེན་ནོར་བུ་དགྲ་འདུལ། གླིང་སེང་ཆེན་སྐྱེས་བུ་དོན་འགྲུབ། གེ་སར་ནོར་བུ་དགྲ་འདུལ། ནོར་བུ་དགྲ་འདུལ། བསམ་འཕེལ་དོན་འགྲུབ། གླིང་སེང་ཆེན་རྒྱལ་པོ། སྐུ་རྗེ་སེང་ཆེན་རྒྱལ་པོ་སོགས་འབོད་པ་རེད།
མཐར་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་རབ་བྱུང་གཉིས་པའི་ཆུ་མོ་སྦྲུལ་ཏེ་སྤྱི་ལོ༡༡༢༥ལོར་འདས། དེ་ནི་ཨ་མེས་བྱང་ཆུབ་འདྲེ་ཁོལ་གྱི་ལུང་དང་མཐུན་པར་མ་ཟད། ལྡོང་གི་མ་ཡིག་ལུང་བསྟན་དུ་རུས་འདི་ལ་དཔའ་བོ་སྟག་གི་མགོ་ལ་སྦྲུལ་གྱི་མཇུག་མ་ཅན་ཞེས་ཁྲིག་སེ་འགྲིག་ཡོད། ཁོང་ཆུང་དུས་ཨ་ཁུ་ཁྲོ་ཐུང་མ་དགའ་ནས་འགོག་བཟའ་ལ་བདུད་ཕྲུག་ཅིག་སྐྱེས་འདུག་ཅེས་བསྙད་བཏགས་ནས་མ་བུ་གཉིས་མགོ་ལོག་རྨ་སྨད་གཡུ་ལུང་སུམ་མདོ་རུ་བརྫངས། ཁོང་གི་བཙུན་མོ་ནི་སྐྱ་ལོ་སེང་ལྕམ་འབྲུག་མོ་ཡིན། ཁོང་ལ་བུ་རྒྱུད་མེད། ཁོང་གླིང་གི་རྒྱལ་པོ་མ་མཛད་པའི་སྔོན་དུ་གྱོན་གོས་ནི། ལུས་མི་མཛའ་བེའུ་སློག་མཐའ་གྱོང་དང་། མགོ་མི་མཛའ་རྒོ་ཕོའི་ལྕོག་ཞུ། རྐང་མི་མཛའ་རྟ་ལྷམ་དམར་སུག་སོགས་གྱོན་ནས་སྤྲང་པོའི་ཚུལ་མཛད། གླིང་གི་རྗེ་བོ་མཛད་རྗེས་རྒྱལ་པོའི་ཆས་མཛད། སྐུ་མཁར་གྱི་མིང་ལ་ཕོ་བྲང་སེང་འབྲུག་སྟག་རྩེ་དང་། ཆིབས་པའི་མིང་ལ་འདོ་རྗེ་རྐྱང་རྒོད་ཕེར་པོ་དང་ལྷ་རྟ་རྐྱང་བུ་ཁ་དཀར་འབོད། ཕོ་བྲང་གི་གནའ་ཤུལ་དང་པོ་དེང་སང་གི་སྡེ་དགེ་རྫོང་གི་ས་ཆ་འགུ་ཟི་དགོན་གྱི་གནས་རིའི་འོག་ཏུ་ཡོད། གནའ་ཤུལ་གཉིས་པ་ཞིག་ཀྱང་སེང་འབྲུག་སྟག་རྩེའི་ཤུལ་ནི་དེང་སང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་གི་མངའ་ཁོངས་སུ་ཡོད་པར་བཤད།
ཞར་བྱུང་སྤྱིར་ཇོ་རུ་ཞེས་པའི་མིང་དོན་ནི། གེ་སར་བྱིས་པའི་སྐབས་སུ་བྱིས་པ་གཞན་དང་མི་འདྲ་བའི་རྐྱེན་གྱིས་ཁྲོ་ཐུང་གིས་ཚ་བུ་འདི་ངའི་གོང་དུ་ཤོར་ཉེན་ཆེ་བའི་བུ་ངན་པ་ཞིག་སྐྱེས་འདུག་སྙམ་ནས། ཧ་ཅང་སྤྲོ་ལངས་ནས་བྱིས་པ་དེ་ས་མགོ་དང་རྡོ་མགོ་ལ་ལན་མ་འགའ་ཤས་རྡབ་ཀྱང་། གཏན་ནས་གསད་མ་ཐུབ་པས་ཡང་ནས་ཡང་དུ་ཡར་ཙོག་སེ་ལངས་བས་ཨ་ཁུས་ཇོ་རུ་ཞེས་མིང་བཏགས་པ་རེད་ཅེས་བཤད། ཇོ་ཞེས་པ་ནི་རྟའུ་བའི་སྐད་ལ་ལྕགས་ཀྱི་དོན་རེད། བོད་སྐད་ལ་རུ་ཞེས་པ་དེ་བརྡ་རྙིང་ལ་དམག་གི་དོན་ཡིན། ཡང་ན་སྔོན་ཆད་ཇོ་རིའམ་ཇོ་རི་ཞེས་པའི་ར་ཡིག་ལ་དབྱངས་ཡིག་ཞབས་ཀྱུ་དང་གི་གུ་གཉིས་འབྲི་ཚུལ་ཡོད། དེས་ན་ཇོ་རུའམ་ཇོ་རུ་ཞེས་པའི་ནང་དོན་བོད་སྤྱི་སྐད་ལྟར་སྒྱུར་ན་ལྕགས་ཀྱི་དམག་གམ་ལྕགས་ཀྱི་རིལ་བུ་ཞེས་པའི་དོན་ཡིན། དེ་ཕལ་ཆེར་བདེན་པ་རེད་སྙམ། དེ་ཅི་ཡིན་ཞེ་ན་ཁྲོ་ཐུང་ནི་རྟའུ་བ་ཡིན་པས་རྟའུ་བའི་སྐད་རྒྱག་ཤེས་པ་གཏན་ཁེལ་རེད། འདི་ནི་མཁས་པ་ཚོ་ལ་དཔྱད་གཞི་ཙམ་ཕུལ་བ་ཡིན་ནོ། །
གླིང་སྒྲུང་དུ་ཁོང་གི་ཁྲབ་རྨོག་འཁོར་གསུམ་གྱི་མིང་ལས།
རྨོག་གི་མིང་ལ། རྒྱལ་བའི་དོན་འགྲུབ། ཁྲབ་ཀྱི་མིང་ལ། ཁྲབ་ཆེན་བསིལ་མ་ཐོག་ཐུབ། ཕུབ་ཀྱི་མིང་ལ། སྦ་དམར་གླིང་དྲུག །གཞུའི་མིང་ལ། རྭ་རྒོད་འཁྱིལ་བ། མདའི་མིང་ལ། ཁྲག་འཐུང་དགུ་བཅུ། རལ་གྲིའི་མིང་ལ། བཏབ་པ་ལན་མེད།མདུང་གི་མིང་ལ། གཡུལ་ལས་རྣམ་རྒྱལ་ཟེར།
