༄༅།།གླིང་གི་དབང་བསྒྱུར་བྱེད་པའི་ས་ཆའི་སྐོར།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
རིག་འཛིན་བསྟན་སྲུང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༠

གཅིག་པ། གླིང་གིས་དབང་སྒྱུར་བྱེད་སའི་ས་ཆ།
གླིང་གི་རྒྱལ་ཁབ་དར་ཚུལ་ལ་མཚོན་ན། དུས་རབས་དགུ་པའི་ནང་དུ་གླིང་ཞེས་པའི་རྒྱལ་ཁབ་ཅིག་གསར་དུ་བཙུགས། མདོ་སྟོད་དབང་བསྒྱུར་བའི་གླིང་གི་རྒྱལ་པོའི་ཐོག་མ་ནི། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་གླིང་གི་སྟོད་སྨད་བར་གསུམ་ལ་དབང་བསྒྱུར་ནས་དཔོན་གྱི་མཚན་གསོལ། རྒྱལ་རབས་སྔ་ཤོས་ཤིག་ཡིན། མདོར་ན་བོད་སིལ་བུའི་སྐབས་དང་། ས་སྐྱའི་སྲིད་སྐྱོང་གི་སྐབས། ཕག་གྲུའི་སྲིད་སྐྱོང་གི་སྐབས་སོགས་ལ་ད་ལྟའི་སྡེ་དགེ་གཙོ་བྱས་པའི་ཁམས་ཕྱོགས་ཀྱི་ས་ཆ་དུ་མ་ཞིག་ལ་གླིང་གིས་དབང་བསྒྱུར་བྱས་ཡོད། འདིའི་མིང་ལ་གླིང་འགུ་ཟི་རྒྱལ་པོའམ་གླིང་ཚང་ཞེས་ཀྱང་འབོད། དེ་ཡང་སྡེ་དགེའི་ལོ་རྒྱུས་སྤྱི་དོན་གསལ་བའི་མེ་ལོང་ལས། དུས་དེར་སྤྱིར་འབྲི་ཆུ་སྟོད་རྒྱུད་ཀྱི་ཡུལ་དེ་དག་གི་དཔོན་པོ་གླིང་འགུ་ཟི་རྒྱལ་པོ་ཡིན་ཞིང་། དེའི་མངའ་ཁོངས་ཀྱི་ས་ཆ་སོ་སོ་ལ་གླིང་དཔོན་ཞེས་པ་རེ་བསྐོས། སྡེ་དགེའི་རྒྱལ་རབས་སུ་ལྕགས་ར་གླིང་དཔོན་དང་། རྨེ་ཤོད་གླིང་དཔོན་དུ་སི། མཁར་མདོའི་གླིང་དཔོན་སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་ལྟར་ཡིན། རུས་མཛོད་མེ་ཏོག་སྐྱེད་ཚལ་ལས། ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི་སྒང་དྲུག་ལས་ཟལ་མོ་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ་ལས། གླིང་ཁྲི་གོང་མའི་ས་ཆ་ནི་ཁམས་འབྲི་སྟོད་འབྲི་ཀླུང་ས་ཆ་རྣམས་དང་། 《ལོ་རྒྱུས་ཁྲོ་ལའི་གཟི་འོད།》ལས་གླིང་ལ་སྟོད་སྨད་བར་གསུམ་གྱེས་ནས། གླིང་སྟོད་པས་མངའ་རིས་སྐོར་གསུམ་བཟུང་བ་དང་། གླིང་སྨད་པས་རྨ་ཡུལ་སྔོན་པོའི་ཉིན་སྲིབ་བརྒྱུད་ནས་དབུ་བའི་ཚྭ་མཚོ་ཚུན་ཆོད་ཁྲི་ཤོར་ལ་མོ་ཡན་ཆད་བཟུང་ཡོད། གླིང་བར་མས་འབྲི་ཆུའི་སྟོད་སྨད་བརྒྱུད་ནས་ཁམས་ཕྱོགས་སུ་རྫོང་བཅོས་ཏེ་ཚ་རོང་རྒྱལ་ཁག་ཚུན་ཆད་དང་། དུང་རི་དཀར་པོ་ཡན་ཆད་ལ་དབང་སྒྱུར་བྱས་ཡོད། 《བྱང་རྟ་རྣ་དགོན་པའི་ལོ་རྒྱུས།》ལས་འགུ་ཟི་དགོན་པ་ཡོད་ས་ནི་ཕོ་བྲང་སེང་འབྲུག་སྟག་རྩེའི་རྗེས་ཤུལ་ཡིན་ཚུལ་གེ་སར་ཞིབ་འཇུག་པའི་མཁས་པ་མང་པོ་ཞིག་གིས་ཞལ་གཅིག་མཐུན་དུ་གསུངས།
གཉིས་པ། གླིང་གི་ཆོས་ལུགས་ཀྱི་སྐོར་བཤད་པ།
སྲས་དགྲ་ལྷ་རྩེ་རྒྱལ་སྐུ་འདས་སྐབས་ཀཿཐོག་དམ་པ་བདེ་གཤེགས་འཕོ་འདེབས་ལ་དྲངས་ནས། ཁྲབ་ལྷ་བཟང་དཀར་མོ་དང་། གྲི་ཡ་ཟི་སྐར་ཕྲན། སྟག་གཟིག་བྱ་རྟ་ཁྱུང་གཤོག་བཅས་ཕུལ་ཡོད། ཡང་རྗེས་སུ་དགྲ་ལྷ་རྩེ་རྒྱལ་གྱི་སྲས་དགྲ་ལྷ་དར་རྒྱས་སྐུ་གཤེགས་སྐབས། བྱང་རྟ་རྣ་དགོན་པའི་བླ་མ་ཡེལ་པ་རིན་པོ་ཆེ་འཕོ་འདེབས་སུ་གདན་དྲངས་ཏེ། བླ་མས་དགུང་ཞག་ལེགས་པར་བསྒྲུབས། སྔར་གླིང་གི་རྒྱལ་རབས་བཞི་ལ་བཞེངས་པའི་གླིང་གི་ཕ་འབུམ་ཆ་དགུ་བཅུས་མཚོན་པའི་རྟེན་གསུམ་དང་། ཁོང་གི་བུ་ད་ཧྲང་སངས་རྒྱས་རྒྱ་མཚོས་དངོས་རྫས་རིན་ཐང་བྲལ་བ་དུ་མ་ཞིག་ཕུལ་ཡོད་པ་རྣམས། བླ་མས་རྟ་ཟོག་ལ་རྒྱབ་བཀལ་ནས་ཁྱེར་ཏེ་རྟེན་ཕལ་ཆེར་ནང་ཆེན་གྱི་བྱང་རྟ་རྣ་དགོན་པའི་ནང་དུ་ཉར་ཡོད། སྐབས་དེར་རྗེ་སྟག་ལུང་སངས་རྒྱས་དབོན་གྲགས་པ་དཔལ་འོད་ཟེར་བཟང་པོ་ལའང་གླིང་གི་དངོས་རྫས་གཡུ་སྦྲ་མཐིང་ཤོག་སོགས་འཕོ་འདེབས་ཀྱི་ཡོན་དུ་ཕུལ་བ་རྣམས་སྟག་ལུང་དམར་ཐང་དུ་གྲགས་པའི་གདན་ས་ཆེན་པོ་དབྱི་ཤོད་རི་བོ་ཆེའི་དགོན་པའི་ནང་དུ་བཞག་ཡོད།