༄༅།།སྐྱ་ཁྲ་ལ་སེང་ཆེན་ཐུགས་སྐྱོ་བའི་ངང་བླངས་པའི་གླུ།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་རེ་རེ་མི་ལེན་ཀ་མེད་རེད། །
གླུ་རེ་རེ་མ་བླངས་ཚོད་ཡོད་རེད། །
སེམས་སྐྱིད་ན་ཇ་ཆང་མཚར་གླུ་ལེན། །
ཞེ་སྡུག་ན་རང་སེམས་རྨོངས་གླུ་ལེན། །
ངའི་ཕུ་བོ་ཞལ་ལུ་དཀར་པོ་ལགས། །
ང་སེང་ལུའི་གླུ་ལ་ཚུར་གསོན་དང་། །
ས་གླིང་བཞིའི་རི་རྒྱལ་ལྷུན་པོ་དེ། །
ས་འཇིག་རྟེན་ཆགས་པའི་གཞི་རྟེན་ཡིན། །
མཐར་བསྐལ་བ་འཇིག་པའི་དུས་ཚོད་ལ། །
གླིང་རི་རྒྱལ་ལྷུན་པོ་རྨང་ནས་འགྱེལ། །
ཆུ་རྒྱ་མཚོ་ཆེན་པོའི་ལྕགས་རི་དེ། །
རྒྱ་གཏིང་མཐའ་ཟབ་ནས་མི་མངོན་ཡང་། །
མཐར་ཉི་མ་བདུན་གྱིས་གདུངས་པའི་ཚེ། །
ཆབ་ཐིགས་གཅིག་མི་ལུས་བསྐམས་ནས་འགྲོ། །
མཐོ་དགུང་སྔོན་ཉི་མ་འོད་པོ་ཆེ། །
འོད་ཆེ་བས་གླིང་བཞིའི་མུན་པ་སེལ། །
གཟའ་རྒོད་པོ་ཐོག་རྒྱུག་བཏང་བའི་ཚེ། །
ནག་ཐོམ་མེ་འགྲོ་བ་སྐད་ཅིག་ཡིན། །
དཔའ་ཞལ་དཀར་བཅོ་ལྔའི་དུང་ཟླ་འདྲ། །
ལུས་རྩལ་དྲུག་འཛོམ་པའི་ཕོ་རྒོད་པོ། །
མི་འདི་འདྲ་གནམ་ས་བར་ན་མེད། །
གྲི་ཡ་ཟི་དགུང་ལ་འཕྱར་བ་ན། །
མཐོ་ཉི་ཟླ་སྐར་གསུམ་སྐྲག་ནས་འདར། །
རྟ་རྒྱ་བྱས་བང་ཁ་གཏོང་ཉིན་ལ། །
སྟག་དམར་ཡག་འདར་ནས་འཛུམ་དྲུག་ཡལ། །
དབུ་དར་འཕྲུའི་རྩེ་སྒྲོ་གཡོ་བ་ན། །
སེང་ཕོ་ཐོང་སྤར་མོ་སྐྲག་ནས་འཁུམ། །
འདི་མ་ཁྲོས་ཐུགས་རྗེ་ཆེན་པོ་ཡིན། །
ཐུགས་ཁྲོས་ན་ཁྲོ་བ་རྟ་མགྲིན་ཡིན། །
ལས་ཐུག་ཡ་ཕྲད་སྐལ་མེད་པ་ལས། །
ཧོར་གུར་དཀར་དཔའ་ནས་ཤོར་བ་ཡིན། །
ས་དམར་པོ་བཞི་ལིང་ཐང་དཀྱིལ་ནས། །
ཧོར་རྒྱལ་བུ་བརྒྱད་དང་གང་དྲག་བསད། །
ས་སྒང་སྒང་གང་ཡོད་རོ་ཡིས་བཀང་། །
དམའ་གཤོང་གཤོང་གང་ཡོད་ཁྲག་གིས་བཀང་། །
རྨ་ཆུ་ཆེན་ཁྲག་གིས་ཁ་མདོག་བསྒྱུར། །
རྒོད་ཐང་དཀར་མི་ཤས་ཞེན་པ་ལོག །
སྤྱང་རི་ཁྱི་ཁྲག་གིས་ཡི་ག་ལོག །
ལས་དེ་བྱས་ངོ་སོ་མ་ཐོན་རིང་། །
སྲོག་དམར་པོ་གཏོང་ལ་མ་འཛེམས་པར། །
ཧོར་ཤན་པའི་མདུང་རྩེར་བཀལ་བ་འདི། །
ལས་བྱས་པ་ཚེ་ཚད་རྫོགས་པ་ཡིན། །
དུས་མཐའ་མ་གྲུབ་རྟགས་བཞག་པ་ཡིན། །
ད་སྐུ་ཚེ་མཐའ་རུ་མ་འཁྱོལ་བར། །
དུས་དུང་ཟླ་ཐང་ལ་ལྷུང་ན་ཡང་། །
ང་སེང་ཆེན་རྒྱལ་པོའི་སྐུ་དོན་དེ། །
དཀའ་ངེས་པ་ཞལ་ལུས་བསྒྲུབས་པ་བཟང་། །
ལྷ་སངས་རྒྱས་ཐུགས་དགོངས་རྫོགས་པ་ཡིན། །
ང་སེང་ཆེན་ཐུགས་ཡིད་ཚིམ་པ་ཡིན། །
ང་སེང་ཆེན་ནོར་བུ་དགྲ་འདུལ་དང་། །
དཔའ་རྒྱ་ཚ་ཉི་མ་རང་ཤར་གཉིས། །
མི་གཞན་མའི་སྤུན་དང་མི་འདྲ་སྟེ། །
སྟེང་གོང་མ་ལྷ་ནས་མཉམ་འོང་བྱས། །
བར་མི་ཡུལ་གླིང་ནས་མཉམ་སྐྱེས་བྱས། །
ངས་ཕར་བརྩེ་ཚུར་ལ་དུང་ངེས་ཡིན། །
དུས་དེ་རིང་ཉི་མའི་གདོང་གང་ལ། །
ཁྲ་ཧོར་བའི་ལུས་དང་ཕྲད་པ་ལས། །
ཞལ་དངོས་སུ་འཛོམ་པ་མ་བྱུང་བར། །
ངའི་སྙིང་ལ་དུག་མདའ་ཕོག་འདྲ་འདི། །
ཧོར་མྱུར་དུ་འདུལ་བའི་སྐུལ་མ་དང་། །
ཚེ་སྔར་བསགས་ལས་དབང་བཙན་པ་ཡིན། །
ད་ཞལ་ལུས་ཐུགས་སྐྱོ་མ་མཛད་དང་། །
དཔའ་ཞལ་ལུའི་སྲོག་སྐྱིན་ང་ཡིས་ལེན། །
མི་ནག་ཅན་གུར་དཀར་མིང་བོ་ཆེ། །
ཧོར་ཨ་ཆེན་གཞུང་ན་རྒྱང་གྲགས་ཆེ། །
ཧོར་ཡ་རྩེ་མཁར་ན་དཔའ་རྩལ་ཆེ། །
ཧོར་འབུམ་དམག་དཀྱིལ་ན་ཁ་ཕོ་ཆེ། །
ཆེ་དེ་བཞི་འཛོམ་ལ་གཉའ་སྒ་བསྟོད། །
ཧོར་ཨ་ཆེན་འབུམ་ཤོག་བཅུ་གཉིས་པོ། །
ཁྲག་བཞུར་ཤུལ་ཆུ་ཡིས་བཤལ་འདྲ་གཅིག །
ཧོར་བྱུང་མལ་སྟོན་རྒྱུ་མེད་པ་གཉིས། །
ཧོར་སྐྱེས་ཤུལ་འཇག་མས་གླུ་ལེན་གསུམ། །
དཔའ་གཏམ་རྒྱུད་ཕྱི་རབས་གླེང་རྒྱུ་བཞི། །
ལས་དེ་བཞི་མ་བྱས་ང་རང་ལ། །
གླིང་སེང་ཆེན་ཐོགས་པ་དོན་མེད་ཡིན། །
ལྷ་དཀོན་མཆོག་གསུམ་པོས་དཔང་པོ་མཛོད། །
