༄༅།།གུར་དཀར་རྒྱལ་པོའི་སྡིག་གཅོད་ཤན་པ་ལ་བླངས་པའི་གླུ།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༨

གླུ་ཐ་ལ་ལ་མོ་ཐ་ལ་རེད། །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
གླུ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །
བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །
མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །
ལྕགས་ནག་དམ་པའི་དགུ་སྒྲིག་མཁྱེན། །
རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །
གཉིད་མེད་ཨ་མཆོད་གུ་རུ་མཁྱེན། །
གཟིམས་མེད་མར་མེ་ཚེ་འབར་མཁྱེན། །
ལྷ་དེ་བས་ཡན་ལ་འདི་མཆོད་མེད། །
ས་འདི་དང་ས་ངོ་མ་ཤེས་ན། །
རྒྱལ་པོའི་ཡ་རྩེ་མཁར་དམར་རེད། །
རྗེ་ང་དང་ང་ངོ་མ་ཤེས་ན། །
ཧོར་གུར་དཀར་གནམ་གྱི་རྒྱལ་པོ་ཡིན། །
ཁྱོད་དང་འུ་གཉིས་འཕྲད་པ་བཟང་། །
སྡིག་གཅོད་ཤན་པ་རྨེ་རུ་རྩེ། །
ཁྲིམས་རྔ་ལེབ་ཆེན་སྐོར་རྡུང་གྱིས། །
ཁྲིམས་དུང་སྐད་ཆེན་ལ་མོ་བུས། །
གུར་དཀར་གུར་ནག་གུར་སེར་གསུམ། །
མགར་བ་ཀུན་དགའ་ཉ་རྒྱལ་དྲུག །
རི་པ་ཐང་པ་འབུམ་པ་དགུ། །
ཁྲ་བོ་ཁྲ་ཤོག་ལྡེམ་པ་བཅུ། །
དཔོན་མགོ་བཅུ་གཉིས་ཁ་འོག་གི །
ལས་དམག་ཁྲ་མོ་གླིང་ལ་འགྲོ། །
སྐྱེས་པའི་མི་དེ་མི་གསོད་རི། །
བཟོས་པའི་ལྷ་མཁར་མི་བཤོག་རི། །
བཞེངས་པའི་ལྷ་འབུམ་མི་བསྙལ་རི། །
བསགས་པའི་རྒྱུ་ནོར་མི་བསྡུ་རི། །
འགྲོ་དོན་རྩ་བ་བཤད་པས་ན། །
ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་ལ། །
གླིང་ཚོ་ཆེན་ལྷ་སྡེ་དཀར་པོ་འདིའི། །
དབྱར་གསུམ་མར་མགོ་དགོས་པ་ཡིན། །
སྟོན་གསུམ་འབྲུ་མགོ་དགོས་པ་ཡིན། །
དགུན་གསུམ་ཤ་མགོ་དགོས་པ་ཡིན། །
བརྒྱ་ནས་ལྔ་བཅུ་དགོས་པ་ཡིན། །
ཁོ་རྒྱ་ཚ་སྐྱེས་ནས་བཅད་ནས་ཐལ། །
ཇོ་རུ་བཙས་ནས་བཅད་ནས་བྱུང་། །
ད་རུང་དེ་ཡིས་མི་ཚད་པའི། །
ཧོར་ཀུན་དགའི་བུ་མོ་གཟི་འཚོ་མ། །
གླིང་གླེན་པ་ཆོས་རྒྱལ་མནའ་མར་བྱིན། །
གླེན་པ་ཆོས་རྒྱལ་འགག་ལ་ཤོར། །
འབུམ་པ་རྒྱ་ཚ་ཞལ་ལུ་ཁོས། །
བུ་མོ་ཁྱོད་ཀྱིས་ལན་ནོ་ཟེར། །
སྐྲ་བྲེགས་འཕྲོ་ཤ་ལེར་མངགས་ནས་བཏང་། །
གདོང་མཆི་རིས་ཤ་ལེར་མངགས་ནས་བྱུང་། །
ཧོར་ཀུན་དགའ་ཡིད་བཞིན་ནོར་བུ་ལ། །
གྲིས་བརྒྱབ་ནས་ལག་པ་གཡས་པ་བཅད། །
རྟ་རླུང་གཤོག་འཕོང་ཁྲ་བཙན་འཕྲོག་བྱས། །
ད་རུང་དེ་ཡིས་མི་ཚད་པའི། །
འགག་མོའི་བུ་སྡུག་ཇོ་རུ་དེས། །
ལོ་ངོ་གསུམ་པའི་གོང་ཐོག་ཏུ། །
ཧོར་ཨ་ཆེན་ཐང་བ་གྲུ་བཞི་ལ། །
ལྕང་དཀར་བེར་ཁས་རྟ་ལམ་བཏོད། །
འུར་ཡར་གཡུག་རྒྱ་གར་ཡུལ་ལ་གཡུག །
རྒྱ་གར་ཆོས་སྒོ་གོང་མ་གཏོར། །
མར་གཡུག་རྒྱ་ནག་ཡུལ་ལ་གཡུག །
རྒྱ་གཙང་ཟའི་ཁྲིམས་ཤིང་བར་མ་གཏོར། །
ཚུར་གཡུག་སེར་པོ་ཧོར་ལ་གཡུག །
ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་དེ། །
གུར་དཀར་པོ་བྱེ་མའི་ནང་ལ་བརྡབས། །
རྟ་རག་དཀར་འོམ་བུ་བཟས་ལ་བརྒྱབ། །
རྦབ་རྡོ་གཅིག་གི་སྣ་ལམ་ནས། །
ཐོག་མི་དགུ་བཅུ་གོ་དགུ་བསད། །
ཐོག་རྟ་ཉི་ཁྲི་དགུ་འབུམ་དེད། །
ཐོག་རལ་འབར་བ་རྩེ་དགུ་བླངས། །
ཐོག་ཟངས་དམར་མོའི་འཁོར་གཡང་བླངས། །
ཕོ་ཤ་མོ་གྱོད་དེ་ཙམ་ཡོད། །
མི་ཤ་རྟ་འཁོན་དེ་ཙམ་ཡོད། །
ཕོ་གྱོད་ཕ་བོང་རྒས་རྒྱུ་མེད། །
མོ་གྱོད་ཤུག་པ་རུལ་རྒྱུ་མེད། །
དགྲ་ལན་པོ་མེད་ན་ཝ་མོ་རེད། །
གཏམ་ལན་པོ་མེད་ན་ལྐུགས་པ་རེད། །
ཟས་ལན་པོ་མེད་ན་ཁྲམ་པ་ཡིན། །
མི་འདུག་ཁྲ་མོ་གླིང་ལ་འགྲོ། །
ཧོར་སེར་པོའི་ལས་དམག་ལ་མོ་ཆས། །
རྗེ་རྒྱལ་པོའི་བཀའ་ལ་གྱེན་ལྡོག་མེད། །
རི་གཟར་རྦབ་ལ་གྱེན་ལྡོག་མེད། །
མི་འདུག་ལ་མོ་གླིང་ལ་འགྲོ །
གོ་ན་རྣ་བའི་བུ་རམ་གྱིས། །
མ་གོ་གླུ་ཡི་འགྲེལ་བ་གྱིས། །
ཧོར་ཤན་པའི་ཡིད་ལ་དེ་འདྲ་ཞོག །