རླུང་རྟའི་ཁྱད་ཆོས་སྐོར་ལ་དཔྱད་པ།
ཡོང་ཁུངས། ཧི་མ་ལ་ཡའི་བོན་དྲ་བ།
མཁར་རྨེའུ་བསམ་གཏན།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༦ ཚེས་ ༡༩

རླུང་རྟའི་མཚོན་རིས་གཙོ་བོ་ནི་སྒལ་སྟེང་དུ་ཡིད་བཞིན་ནོར་བུ་བཀལ་བའི་རྟ་མཆོག་ཡིན་ལ། རྟ་དེ་ནི་རླུང་རྟའི་རི་མོའི་དབུས་སུ་བྲིས་ཡོད་ལ། ཁྱུང་དང་འབྲུག་གཉིས་ཀྱི་གཟུགས་རིས་ནི་རླུང་རྟའི་སྟོད་ཀྱི་ཟུར་དང་། སྟག་དང་སེང་གེ་གཉིས་ནི་རླུང་རྟའི་སྨད་ཀྱི་ཟུར་གཉིས་ན་བྲིས་ཡོད། དེ་བཞིན་གཏམ་རྒྱུད་ནང་འཁོད་པའི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚོན་བྱེད་སྲོག་ཆགས་གསུམ་ཡང་རླུང་རྟའི་རི་མོའི་ཐོག་བཀོད་སྲོལ་ཡོད། འོན་ཀྱང་། དེ་ནི་དུས་ཕྱིས་སུ་གསར་གཏོད་བྱས་པ་ཞིག་ཡིན་པས་དེས་རླུང་རྟའི་འདྲ་རིས་ངོ་མ་དེའི་ཚབ་བྱེད་མི་ཐུབ་བོ། །
རླུང་རྟའི་རི་མོའི་ཟུར་བཞི་ན་བཀོད་པའི་སྲོག་ཆགས་རྣམས་ལ་གཉན་ཆེན་བཞི་ཟེར། དེ་དག་ལ་མིང་འདི་ལྟར་བཏགས་དགོས་ཀྱི་དམིགས་བསལ་རྒྱུ་མཚན་གཤམ་དུ་བརྗོད་པར་བྱ། སྲོག་ཆགས་དེ་རྣམས་ལ་རླུང་རྟའི་ལྷ་བཞི་ཡང་ཟེར་སྲོལ་ཡོད། དེ་བཞིན་ཞིབ་འཇུག་པ་ཁག་གཅིག་གིས་དེ་རྣམས་ནི་ཕྱོགས་བཞིའི་མཚོན་བྱེད་ཡིན་ཞེས་པའི་གསུང་ཚུལ་ཡང་ཡོད་ནའང་སྲོག་ཆགས་དེ་དག་རྟག་ཏུ་ཟུར་གཅིག་རང་ལ་གཏན་འཁེལ་གྱིས་བཀོད་སྲོལ་མེད། རླུང་རྟའི་ཐོག་སྔགས་ཡིག་འབྲི་བ་དང་། སྲོག་ཆགས་རྣམས་ཀྱི་བར་མཚམས་ཀྱི་སྟོང་ཆའི་ཐོག་གསོལ་འདེབས་སྨོན་ལམ་གྱི་ཚིག་ཀྱང་འབྲི་སྲོལ་ཡོད་པ་དེ་ནི་སངས་རྒྱས་ཆོས་ལུགས་པས་ཕྱིས་སུ་བསྣན་པ་ཞིག་ལགས་ནའང་། རླུང་རྟ་ཞེས་པའི་ཆེས་གདོད་མའི་རྣམ་པར་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་དེ་ཙམ་ཕོག་མེད་དོ། །
ཝེ་དལ་གྱིས་རླུང་རྟའི་རི་མོ་དེ་ནི་རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཀ་བའི་རི་མོ་ལས་གཡར་བ་ཞིག་ཡིན་ཞེས་དང་། རླུང་རྟ་ནི་བླ་མ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་མཚོན་བྱེད་རི་མོ་དེ་དག་རང་འདོད་ངང་སྒྱུར་བཅོས་བྱས་རྗེས་ཐོན་པའི་འབྲས་བུ་ཞིག་ཡིན་ཞེས་གསུངས། ཁོ་བོས་ལྟར་ནའང་། ཝེ་དལ་གྱིས་གསུངས་པ་ལྟར་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་རླུང་རྟའི་རི་མོར་བཟོ་བཅོས་ཇི་སྙེད་ཅིག་བརྒྱབ་ཡོད་པ་ནི་བདེན་གཏམ་ཞིག་ལགས་ནའང་། རླུང་རྟའི་གཙོ་བོའི་འདྲ་རིས་ཀྱི་ནང་དོན་དང་རྒྱ་གར་གྱི་མཚོན་བྱེད་དངོས་པོའི་བར་འབྲེལ་བ་མ་མཆིས་སོ། །
