༄༅།།མདོ་སྨད་བྲག་དཀར་རྗོང་སྔགས་ས་ཚོ་བའི་བུད་མེད་ཀྱི་སྨར་གདན་སྐོར་གླེང་བ།

ཡོང་ཁུངས། མཚོ་སྔོན་པོའི་དྲ་བ་ལས་དྲངས།
འཆི་མེད་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༡༤

སྨར་གདན་ནི་བོད་ཀྱི་བུ་མོའི་རྒྱན་ཆའི་རྣམས་གྲངས་ཤིག་ཡིན་ལ། དེ་ནི་ས་ཆ་འདིར་མ་གཏོགས་གཞན་ན་མེད་དམ་ཞེ་ན། དེ་ནི་གཏན་ནས་མ་ཡིན་ཏེ། བྲག་དཀར་རྫོང་གི་འབྲོག་ཁུལ་སོ་སོ་ན་ཡོད་པར་མ་ཟད། མཚོ་སྔོན་པོའི་གཡས་རུ་གཡོན་རུའི་འབྲོག་སྡེ་སོ་སོ་དང་རྨ་ཕ་རུ་ཚུར་རུའི་འབྲོག་སྡེ་སོགས་སུ་ཡོད་པ་དང་རོང་ཁུལ་ཁ་ཤས་ནའང་སྨར་གདན་དང་ཆ་འདྲ་བ་ཡོད་པ་རེད། དེ་བས་ང་ཚོའི་ཁ་དཔེ་ལའང་། "ཕོ་རེ་གམ་ན་མོ་རེ། མོ་རེ་གམ་ན་ཐབ་རེ"ཟེར་བ་ལྟར། སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་ལ་ཐུན་མོང་མ་ཡིན་པའི་བོད་པ་རང་གི་གཉེན་སྲོལ་དང་། རྒྱན་གོས་ཕུན་སུམ་ཚོགས་པ་ཞིག་ཡོད་མོད། འོན་ཀྱང་། ལུང་བ་རེ་ལ་ཆུ་མིག་རེ། ས་ཆ་རེ་ལ་ལུགས་སྲོལ་རེ། སྡེ་བ་རེ་ལ་བཤད་ལུགས་རེ། ཁྱིམ་ཚང་རེ་ལ་འགྲོ་ལུགས་རེ་ཟེར་བ་ལྟར། སྨར་གདན་གཅིག་པུ་ལའང་ས་ཆ་རེ་རེའི་ལུགས་ལྟར་བཟོ་སྲོལ་དང་མིང་དུ་མ་ཞིག་ཡོད་དེ། དཔེར་ན། རོང་ཕྱོགས་ནས་སྐྲ་ལོང་ཟེར་བ་དང། ཀན་ལྷོ་ཀླུ་ཆུ་དང་བསང་ཆུའི་མཛོད་དགེ་ཕྱོགས་ཀྱི་འབྲོག་སྡེ་སོ་སོས་དེའི་མིང་ལ་ཅོ་ཏོ་དང་། ད་དུང་སི་ཁྲོན་རྔ་བ་ཁུལ་མཛོད་དགེའི་འབྲོག་ཕྱོགས་སོགས་སུ་རྒྱབ་དང་། རེབ་གོང་མགར་རྩེ་ཕྱོགས་ནས་མིང་ལ་ར་བ་དང་། མཚོ་ལྷོ་འབའ་རྫོང་ས་ཆས་མིང་ལ་ར་ཆུང་ངམ་སྐྲ་ལུང་སོགས་ས་ཁུལ་རེ་རེའི་ངོས་འཛིན་སྟངས་ཀྱི་ཐད་ནས་མིང་རེ་བཏགས་ཡོད། ཡིན་ནའང་། ཡིག་ངོས་འགའ་ཤས་སུ་སྨར་གདན་ལ"དམར་གདན"དང"དམར་ལྡེམ"ཞེས་རེ་འགའ་འདུག་ཅིང་། ང་ཚོའི་ཁ་སྐད་ལྟར་ན"དམར་ལྡན"ཟེར་བ་ལས་སྨར་དང་ལྡེམ་ཞེས་མི་ཟེར།

སྨར་གདན་གྱི་གྲུབ་ཆ་དང་བཟོ་དབྱིབས།
དེའི་ཕྱིར་འདིར་བརྗོད་ཀྱི་ཡང་སྙིང་ནི་སྨར་གདན་གྱི་གྲུབ་ཆ་ཡིན་ལ། སྔགས་ས་ཚོ་བའི་ལུགས་ལྟར་སྨར་གདན་གྱི་གྲུབ་ཆ་གཙོ་བོར་བཟུང་ནས་བརྗོད་ན། ཐོག་མར་དེ་ལ་སྨར་གདན་གྱི་གདན་དང་དུང་བསྒྲིགས་པ་གཉིས་ལས་གདན་གྱི་གྲུབ་ཆ་ནི། ཆེ་ཕྱོགས་ནས་སྟོད་སྨད་གཉིས་སུ་བྱས་ནས་གྲུབ་ཡོད་དེ། དེའི་སྟོད་ཕྱོགས་སུ་ཞིང་ཚད་ལ་སོར་བཞི་ཙམ་དང་། རིང་ཚད་ལ་གོང་མཐོ་གཉིས་དང་ཕྱེད་ཙམ་ཡོད་པའི་རས་ལེབ་ཤར་མ་ལྔ་ལ་ནང་མ་བརྒྱབ་ཞིང་བསྒྲིགས་ཏེ་ཡོད་པའི་ནང་ནས། ར་བ་དཀྱིལ་དུ་ཡོད་ལ་དེ་ནི་རང་གི་མིང་བོའི་སྐལ་ཞེས་ཁ་ཐུམ་ནག་པོའི་སྟེང་དུ་གཡུང་དྲུང་ཕབས་ཤིང་འགྲམ་དུ་དར་ཚོན་སྣ་ལྔའི་སྐུད་པའི་འཇའ་སྒྲིག་བྱས་ཏེ་གཞན་པ་བཞི་ལས་ལེགས་པ་ཞིག་ཡིན་དགོས། དེའི་གཡས་གཡོན་གཉིས་སུ་སོ་སོར་རིམ་པ་བཞིན་གོང་ཐག་རེ་དང་འཐེན་ཐག་རེ་བྱས་ནས་ཕན་ཚུན་གཤིབ་དེ་བཙེམས་ཡོད། དེ་རྣམས་ཀྱི་སྨད་དུ་རས་ཤར་ལེབ་མ་གསུམ་ཡོད་ལ་སོ་སོར་གོང་མཐོ་གསུམ་དང་ཕྱེད་ཙམ་ཡོད་ལ་རིང་ཐུང་ཆ་མཉམ་ཡིན། དཀྱིལ་རའི་གཡས་གཡོན་གཉིས་སུ་མཐའ་ར་གཉིས་ཡོད། མཐའ་ར་གཉིས་ཀྱི་བཟོ་དབྱིབས་འདྲ་འདྲ་ཡིན་ལ་དཀྱིལ་ར་ནི་དེ་གཉིས་ལས་ཡན་གར་བ་ཞིག་ཡིན། དེ་བཞིན་མཐའ་ར་གཉིས་ནི་རང་གི་ཕོ་སྐྱེས་ཀྱི་སྐལ་ཡིན་ཟེར་ལ་དེའི་མགོའི་དབྱིབས་ནི་མདའ་མགོ་དང་འདྲ་ཞིང་མིང་ལ་ཐོམ་བུའི་མགོ་དང་འདྲ་ཟེར་ནས་ཐོམ་མགོ་ཟེར། དེའི་མགོ་གྲུ་བཞི་ཡིན་ན་གཉེན་སྒྲིག་བྱས་མེད་པའི་སྨར་གདན་ཡིན་ཟེར། དཀྱིལ་རའི་མགོ་གྲུ་བཞི་ཡིན་ལ་དེའི་གཡས་གཡོན་གཉིས་སུ་རྣ་ཞེས་ཕར་ཚུར་ཅུང་བརྐྱངས་ནས་ཡོད་ལ་དེ་ནི་སྨར་གདན་སྒྲིག་སྐབས་འགྲིག་ཆ་ཡོང་ཕྱིར་བཞག་པ་ཡིན་ཟེར། དེ་དག་ཐོག་མར་བཟོ་དུས་རས་སུམ་བརྩེགས་སམ་ཡང་ན་བཞི་བརྩེགས་བྱས་ནས་སོ་སོའི་ངོས་བག་ཆུའི་སྦྱར་རྗེས་ཉི་མར་སྐེམ། དེའི་ངོས་ནི་རས་དམར་པོ་ཡིན་དགོས་ལ་དེ་ལ་སྨར་གདན་གྱི་ལྐུ་ཟེར།

སྟེང་དུ་གསེར་སྐུད་སོགས་ཀྱི་གཙགས་དྲུབས་བྱེད་སྲོལ།
དེ་དག་གྲུབ་རྗེས་ད་གཟོད་ཇེ་མཛེས་དང་ཇེ་ལེགས་སུ་གཏོང་དགོས་ལ། ཐོག་མར་ཁ་ཐུམ་རྒྱག་དགོས་ཏེ་ཁ་ཐུམ་གྱི་སྟེང་དུ་གསེར་སྐུད་ཀྱི་གཡུང་དྲུང་ཕབས་པ་རེད། གཡུང་དྲུང་ལ་རིགས་འགའ་མཆིས་ཏེ། གཡུང་དྲུང་ཁ་སྤྲོད་དང་། གཡུང་དྲུང་ལུ་གུ་མ་ཞེས་ལུ་གུའི་ཚ་རུ་བཞིན་འཁྱིལ་དབྱིབས་ཅན་ཞིག་དང་། སྤྱིར་བཏང་གི་གཡང་དྲུང་བཅས་ཕབས་སྲོལ་ཡོད། དེའང་མཐའ་ར་གཉིས་ཆ་མཉམ་ཡིན་དགོས་ལ་དཀྱིལ་རའི་རི་མོ་དེ་གཉིས་ལས་ཐ་དད་ཡིན་དགོས། ཁ་ཐུམ་གྱི་རྩར་དར་མཚོན་སྣ་ལྔའི་སྐུད་པའི་འཇའ་སྒྲིག་བྱས་ཡོད་ལ་དེ་དག་སོ་སོའི་བར་དུ་གསེར་སྐུད་ཀྱིས་འབུར་མ་ཕབས་པའང་ཡོད། དེ་ནི་ཧ་ཅང་རྒྱས་པའི་ལས་སྟངས་ཤིག་ཡིན་ཟེར། དར་མཚོན་སྣ་ལྔའི་སྐུད་པ་རེ་རེ་ལའང་མཚོན་དོན་ངེས་ཅན་རེ་ཡོད་དེ"སྐུད་མདོག་དཀར་པོས་བུ་མོའི་ལྷག་བསམ་མཚོན་ཡོད་ལ། སྔོན་པོས་བདེན་ལུགས་ཀྱི་དོན་དུ་དཔའ་མི་ཞུམ་པ་མཚོན། སེར་པོས་ཕྱི་ཐག་རིང་བ་དང་གཉེན་ཚང་ནས་ཁ་ལས་རླུང་རྟ་དར་བ་མཚོན་ཡོད། དམར་པོས་ལས་ལ་བརྩོན་པ། ལྗང་ཁུས་བློ་སེམས་དཀར་བ"[11]སོགས་མཚོན་ཏེ། མདོར་ན་འཇའ་སྒྲིག་ཞེས་པའི་དར་མཚོན་སྣ་ལྔའི་སྐུད་པ་རེ་རེའི་བོད་ཀྱི་བུ་མོའི་གཤིས་རྒྱུད་ཆུ་མིག་ལྟར་དྭངས་ཤིང་། བལ་དཀར་ལྟར་འཇམ་པ། ངང་རྒྱུད་ཆུ་བོ་ལྟར་རིང་ཞིང་། ལྷག་བསམ་འོ་མཚོ་བཞིན་དཀར་བའི་ལྷད་མེད་གཤིས་བཟང་གི་སྤྱོད་པ་མཚོན་པར་མ་ཟད། ལས་ལ་བརྩོན་ཞིང་ཁྱིམ་ཐབས་ལ་མཁས་པའི་རང་གཤིས་དེ་མཚོན་པར་བྱས་ཡོད།

རྡོ་དུང་སོགས་ཀྱི་འདོགས་ཚུལ།
དེ་བཞིན་དུ་སྐྲ་བཤད་བྱེད་པའི་སྐབས་སུའང"སྨན་ཁྱེད་ཀྱི་མགོ་རྔ་བཤད་རྒྱུ་ན། །སྨར་གདན་དགུང་གི་འཇའ་ཕྲུག་རེད། །ཐ་ན་ལུག་ཆུང་འཚོགས་འདྲ་རེད། །ཅ་ལ་གློག་ཞག་འཁྱུག་འདྲ་རེད། །ཕྲག་དུང་གཡུ་འབྲུག་ཚང་ཉལ་རེད། །དཀྱིལ་དུང་དུང་དཀར་ཁ་སྤོར་རེད། །རྒྱབ་དར་དར་ཚོན་སྣ་ལྔ་རེད"ཞེས་བ་ལྟར་སྔོན་ཆད་རལ་བ་དང་གོང་ཐག་སོགས་ཀྱི་སྟེང་དུ་དམར་པོའམ་དམར་ཆགས་དང་། དུང་ཞེའུའམ་དུང་ཕྲུག །རྡོ་དུང་། དོང་ཙེ་སོགས་འདོགས་སྲོལ་ཡོད་ཟེར་ལ། རྗེས་སོར་ཁྱིམ་ཚང་རང་ཉིད་ཀྱི་ཆ་རྐྱེན་འཛོམས་མིན་ལ་ལྟོས་ནས་དངུལ་གྱི་ཐ་ན་སོགས་འདོགས་ལ་ཐ་ན་ཆེ་ཆུང་བཅོ་ལྔ་ཡས་མས་འདོགས། རལ་བའི་སྟེང་གི་དེ་ཐ་ན་གཞན་དག་ལས་ཅུང་ཆེ་བ་བཞིའམ་ཡང་ན་ལྔ་འདོགས་པ་རེད། དམངས་ཁྲོད་ངག་རྩོམ་དུའང"སྟོད་དབུས་གཙང་ཡུལ་ནས་དུང་ཞིག་བུད། །དུང་གཅིག་བུད་ནས་དབུས་ལ་སོང་། །སྟོད་དབུས་གཙང་བླ་མའི་ཚོགས་དུང་བྱས། །དུང་རེ་རེ་བུས་དུས་ཚོགས་རེ་འཚོགས། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ། །དུང་གཅིག་བུད་ནས་བོད་ལ་སོང་། །བོད་ཀྱི་བུ་མོའི་ཕྲག་དུང་བྱས། །དུང་རེ་རེ་བཞག་དུས་སྐྲ་རེ་ཕབས། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ། །དུང་གཅིག་བུད་ནས་རྒྱ་ལ་སོང་། །རྒྱ་ནག་རྒྱལ་བོའི་ཁྲིམས་དུང་བྱས། །དུང་རེ་རེ་བུས་དུས་ཁྲིམས་རེ་བཅད། །དུང་གཅིག་གི་བསམ་དོན་དེ་ནས་འགྲུབ"ཞེས་པ་ལྟར། མཐར་ར་གཉིས་དང་དཀྱིལ་རའི་སྟེང་དུ་དུང་འདོགས་སྲོལ་ཡོད་དེ། དེའང་ཁྱིམ་ཚང་གི་ཆ་རྐྱེན་ལྟར་དྲུག་དུང་དང་། དགུ་དུང་། བཅུ་གཉིས་བཅས་འདོགས་སྲོལ་ཡོད། སྔོན་ཆད་རྡོ་དུང་ཞེས་དུང་དཀར་གྱི་ཕྱེད་ཀ་གཤགས་ནས་འདོགས་པ་དང་། མཐའ་ར་གཉིས་ཀྱི་མགོར་བཏགས་ཡོད་པའི་དུང་དེ་ལ་ཕྲག་དུང་ཟེར་ལ་དཀྱིལ་རའི་མགོར་བཏགས་ཡོད་པ་དེ་ལ་དཀྱིལ་དུང་ཟེར། ཕྲག་དུང་གཉིས་ནི་རང་གི་ཕོ་སྐྱེས་ཀྱི་སྐལ་ཡིན་ལ་དེར་སྐྲ་དུང་ཟེར་བའང་ཡོད་དེ། དེ་འདོགས་དུས་གཉེན་བསྒྲིགས་ཟིན་པའི་བུ་མེད་ཁ་རྒྱས་དབང་ཐང་དར་ཡོད་པའམ་སྐྲ་གཙང་ཞིག་གིས་འདོགས་དགོས། དཀྱིལ་དུང་ནི་མིང་བོའི་སྐལ་ཡིན་ཞེས་རང་ཡུལ་ནས་འཁྱེར་དགོས། ཕྲག་དུང་གཉིས་ཀ་དང་དཀྱིལ་དུང་གསུམ་ནི་སྨར་གདན་གྱི་སྟེང་ནས་མེད་དུ་མི་རུང་བའི་དུང་གསུམ་ཡིན་ཞིང་། དེ་གསུམ་དམིགས་སུ་བཀར་ནས་དུང་གཞན་ལས་ཆེ་བ་ཞིག་ཡིན་དགོས་ཏེ་མ་བཏགས་པའམ་མེད་ན། རང་གི་ཕོ་སྐྱེས་དང་མིང་བོ་སོགས་ལ་དམོད་བོར་ཡིན་ཞེས་བཤད་ལ། རྒྱུ་མཚན་དེའི་དབང་གིས་སྔོན་ཆད་སྨར་གདན་གྱི་གསར་སྙིང་བརྗེ་སྐབས་སྨར་གདན་འདོགས་པ་པོ་ཙོག་པུར་བསྡད་ནས་མྱུར་མོར་ཕྲག་དུང་དང་དཀྱིལ་བརྗེས་མ་ཐག་སྐེ་ལ་མ་བཏགས་ན་ཐན་ལྟས་ཤིག་ཏུ་བརྩི་བས་རྒྱུན་དུ་དེ་གསུམ་གྱི་འདོགས་ཐག་གི་བཟང་ངན་ལ་ལྟ་བ་རེད།
དཀར་བོ་དྲུག་ཤོག་དང་དམར་པོ་སུམ་ཤོག་ཟེར་བ་ཞིག་ཀྱང་ཡོད་དེ། དཀར་པོ་དྲུག་ཤོག་ཟེར་དུས་མཐའ་ར་གཉིས་ཀྱི་མགོ་རྔ་རུ་རྡོ་དུང་རེ་བྱས་ནས་དྲུག་འདོགས་པ་རེད། དམར་པོ་སུམ་ཤོག་གམ་དམར་པོ་འབྲི་རིན་ཟེར་བའང་ཡོད་ལ་ཕ་ཕྱུག་པོ་ཚང་གི་མཚོན་རྟགས་ཡིན་ཟེར་དེ། དེ་ནི་སོ་སོའི་མགོ་རྔའི་རྡོ་དུང་རེ་རེའི་བར་དུ་སུམ་ཤར་རེ་འདོགས་སྲོལ་ཡོད། དམར་པོ་སུམ་ཤོག་ཅེས་པའི་དམར་པོ་ནི་གོང་དུ་བརྗོད་ཟིན་པའི་དམར་པོའམ་དམར་ཆག་དང་། སྐྲུག་བྱུར། བྱུར་འདྲ་སོགས་ཡིན་ལ། དམར་ཆག་གམ་དམར་པོ་ནི«འཁྲུངས་དཔེ་དྲི་མེད་ཤེལ་དཀར་མེ་ལོང»དུ་དེ་ནི"པདྨ་ར་ག་གཙོ་ཕལ་གཉིས་ཡོད་པའི་ནང་ནས་ཕལ་བ་ཡིན་ཏེ་མིང་ལ་སོག་པའི་པད་རག་ཟེར་ལ་བསྡུས་མིང་པད་རགས་ཟེར"[12]ཞེས་སོ། །