༄༅།།ཆུང་འདྲིས་བྱམས་པ་དྲན་ཚུལ།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས།
རྡོ་རྗེ་ཐར་ལམ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༣

དཔྱིད་འགོ་མའི་ཁུ་བྱུག་ནགས་ནས་གྲགས། །
ཆར་ཟམ་ཟིམ་ལྷོ་རོང་གཞུང་ལ་བབས། །
ཞེ་མཐུན་པའི་ན་ཆུང་སེམས་ཀྱི་མི། །
བྱ་ཁུ་བྱུག་གྲགས་དུས་ཁྱོད་དྲན་གི །

དབྱར་འགོ་མའི་སེར་ཆེན་སྤང་ལ་བཞད། །
སྨུག་ལང་ལོང་རི་བོའི་སྒང་ནས་རྒྱུ། །
སེམས་སྣང་བ་འདྲེས་པའི་སྙིང་གི་མི། །
སྤང་སེར་ཆེན་བཞད་དུས་ཁྱོད་དྲན་གི །

སྟོན་འགོ་མའི་ཁྲུང་ཁྲུང་ལྷོ་ལ་འཕུར། །
རི་ནོར་འཛིན་ཁ་དོག་གསེར་གྱིས་བརྒྱན། །
ཡིད་སྣང་བ་མཐུན་པའི་ཆུང་འདྲིས་མ། །
བྱ་ཁྲུང་ཁྲུང་འཕུར་དུས་ཁྱོད་དྲན་གི །

དགུན་འགོ་མའི་ཁ་བ་རི་རྩེར་བབས། །
ཤིང་ཤུག་པའི་ལོ་མ་ས་ལ་འཐོར། །
འདང་འོ་ཆུ་འདྲེས་པའི་བརྩེ་ལྡན་མ། །
གངས་ཁ་བ་བབས་དུས་ཁྱོད་དྲན་གི །

དུས་དབྱར་དགུན་དྲོ་གྲང་རེས་སུ་འཁོར། །
རི་ནོར་འཛིན་ཁ་དོག་བརྗེ་རེས་བྱེད། །
ངའི་ཡིད་སེམས་ཀློང་གི་དྲན་ཤིང་དེ། །
སྙིང་ཉེ་བའི་ཆུང་འདྲིས་ཁྱོད་རང་ཡིན། །