༄༅།།མོ་མ་དུང་མགོའི་སེང་ཆེན་ལ་ཕུལ་བའི་གླུ།
ཨོཾ་ཆུང་ཆུང་མ་ཎི་པདྨེ་ཧཱུཾ། །
ཡང་དག་པའི་ཆོས་ལ་གསོལ་བ་བདེབས། །
སྟོང་དབྱེར་མེད་ཁ་ལོ་ཆོས་ལ་སྒྱུར། །
མ་རིགས་དྲུག་འགྲོ་བ་སེམས་ཅན་རྣམས། །
མཆོག་སངས་རྒྱས་འབྲས་བུ་ཐོབ་པར་ཤོག །
ས་འདི་ཡི་ས་ངོ་མ་ཤེས་ན། །
ཧོར་སེར་པོའི་བླ་རིའི་རྩེ་མོ་རེད། །
མི་ང་དང་ང་ངོ་མ་ཤེས་ན། །
ཧོར་ཕུ་དྲུག་མོ་མ་དུང་མགོ་ཡིན། །
གླིང་སེང་ཆེན་ནོར་བུ་དགྲ་འདུལ་ལགས། །
ངའི་བདེན་གླུ་འདི་ལ་དར་ཅིག་གསོན། །
དུས་ཐོག་མ་ཧོར་དམག་ཆས་དུས་ནས། །
ངས་རྨི་ལམ་རྨིས་ཚད་དྲང་བོར་བཤད། །
མགར་ཆོས་དར་རྒྱལ་པོ་གུར་ནག་དང་། །
ཧོར་སྡིག་གཅོད་ཤན་པས་ལྷག་པར་བཤོལ། །
གང་བཤོལ་བཤོལ་རྣ་བ་མ་གཡར་བར། །
ལས་འཕུང་གཞི་འདི་འདྲ་མིག་གིས་མཐོང་། །
ང་མོ་མ་ཤན་ཆེན་བཅུ་དགུར་སྤྲད། །
ཧོར་སྡིག་གཅོད་ཤན་པས་སྲོག་མགོ་བཏོན། །
དེ་ཕྱིན་ཆད་བོས་ཀྱང་གོམ་མ་སྤོས། །
ངའི་འདི་ཕྱིའི་སྐྱིད་སྡུག་རྒྱལ་པོ་མཁྱེན། །
ཆོས་འཇིག་རྟེན་མཐུན་པའི་དཔེ་བཞག་ན། །
རང་དཀའ་ལས་ཁུར་བོས་ནོན་ན་ཡང་། །
དྲིན་ཆེ་བའི་ཕ་མ་སུན་མ་འཇུག །
ལས་རྒྱུ་འབྲས་ཁྲིམས་ལ་མི་རྩི་ཡང་། །
ཕྱིས་མགོ་འདོན་རྒྱལ་ཐག་ཆད་ངེས་ཡིན། །
རང་ཕྱོགས་ཀྱི་དབང་དུ་སོང་ན་ཡང་། །
ཆོས་དབང་བསྐུར་བླ་མ་ཁ་མ་གཏོང་། །
འབྲེལ་དམ་ཚིག་ཉམས་པ་མི་རྩི་ཡང་། །
འདྲེ་ཆོམ་རྐུན་བར་ཆད་ལྡང་ངེས་ཡིན། །
རང་ཁྱིམ་ཐབ་དབང་དུ་སོང་ན་ཡང་། །
དྲིན་གང་ཆེའི་རིགས་ཀྱི་ཡིད་མ་གཅོད། །
དཔེ་དེ་འདྲ་ཕྱིར་ན་རྒྱལ་པོ་ལགས། །
ཧོར་སྡིག་གཅོད་ཤན་པ་རྨེ་རུ་རྩེའི། །
སྲོག་དམར་པོ་སྐྱོབ་ཐབས་ཅིས་ཀྱང་མཁྱེན། །
གཏམ་བདེན་དོན་རྩ་བ་མ་ཞུས་ན། །
དྲིན་ཁྱད་གསོད་བྱེད་ལ་མི་འཚེར་ཡང་། །
མི་ཆ་ཡོད་སྔོན་ལ་འབུད་ལུགས་མེད། །
དཔའ་ཞལ་ལུའི་དབུ་འཕང་སྨད་ཟེར་ཡང་། །
དེ་ཤན་པའི་སེམས་ཀྱིས་ལན་པ་མེད། །
དེས་གླིང་རུ་ཧོར་སེར་གཉིས་ཀ་ལ། །
མིག་གཡས་གཡོན་འདྲ་བར་བལྟས་པ་ཡིན། །
ལས་ནག་པོའི་དབང་གིས་གཉའ་བཞག་ཡིན། །
དེའི་ལྷུ་དྲུག་མ་གཏོར་རྒྱལ་པོ་མཁྱེན། །
ང་མདང་གསུམ་གཉིད་པའི་རྨི་ལམ་ན། །
ཐོག་རྒོད་པོས་བྲག་རི་གཏོར་བ་བཞིན། །
ཧོར་སེར་པོ་འཕྲལ་ལ་འདུལ་ཐབས་མེད། །
དུས་དགུན་དཔྱིད་མཚམས་སུ་སེར་བ་ཐོབ། །
ཧོར་ཆུ་བོའི་རབ་ལ་མཆོད་རྟེན་རྩིགས། །
ཧོར་ཆུ་ལམ་ཁ་ནས་བན་རྒན་སྤྲུལ། །
དགུན་ཉི་མའི་འོད་ཀྱིས་ཁྱབ་པ་སྟོན། །
ཐན་ལྟས་ངན་ཉི་ཤུ་རྩ་གཅིག་སྟོན། །
ཧོར་ཆུ་ལེན་བུ་མོ་ཐམས་ཅད་ལ། །
སེང་ཕོ་ཐོང་མཆེ་གཙིགས་འགྱིང་བ་དེའི། །
མཐར་དོམ་ནག་འབུམ་གྱིས་བསྐོར་བ་སྟོན། །
དེའི་མཐའ་ལ་སྐར་ཕྲན་འབུམ་གྱིས་བསྐོར། །
སེང་དཀར་མོས་ལྕགས་ལ་ཚང་བཅས་ཏེ། །
ཧོར་ཡ་རྩེ་མཁར་ལ་སེང་སྤར་རྒྱོབ། །
དུས་མཐའ་མ་བུ་ཆུང་ཞིག་ཏུ་སྤྲུལ། །
སྨན་བུ་མོ་ཆོས་སྒྲོན་གྲོགས་སུ་ཁུགས། །
མདའ་སྐྱིན་པོའི་ཐང་རྩེ་གཡུ་འབྲུག་དང་། །
མགར་ཆོས་དར་གཉིས་ལ་བློ་རྩེ་གཏོད། །
ལས་དེའི་མཐར་མཉའ་སྒ་བསྟོད་པ་དང་། །
དམར་གཏོར་མ་མགོ་མཇུག་བསྒྱུར་བསྒྱུར་གྱིས། །
གླིང་རྒྱལ་པོའི་དབུ་འཕང་དགུང་ལས་མཐོ། །
ཧོར་གུར་དཀར་མགོ་བོ་ཆུ་ལས་དམའ། །
ལོ་བྱི་བ་ཤར་བའི་དུས་ཚོད་ལ། །
ཧོར་གུར་དཀར་གཉའ་སྒ་བསྟོད་ངེས་ཡིན། །
འདི་འདྲ་བ་སྔ་མོར་རྨིས་ནས་བཤད། །
མདང་མར་ཉལ་དུས་ཀྱང་དེ་འདྲ་རྨིས། །
གནམ་གུང་སྨན་རྒྱལ་མོའི་ཐུགས་རྗེ་ཡིས། །
ཐབས་ཅི་དགོས་ལུང་བསྟན་གསུང་ངེས་ཡིན། །
ཞེས་ཞུས་པ་དང་། རྒྱལ་པོས་གླུ་འདི་བླངས་སོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་བླ་མ་ཡི་དམ་དཀོན་མཆོག་གསུམ། །
མ་ཁམས་གསུམ་འགྲོ་ལ་ཐུགས་རྗེས་གཟིགས། །
སེམས་རྩ་བ་བྱང་ཆུབ་སྡོང་བོ་ལ། །
དོན་འབྲས་བུའི་ལོ་འདབ་རྒྱས་པར་ཤོག །
བདེན་ངེས་པའི་རྩ་བ་མོ་མ་བདེན། །
ལན་ངེས་པའི་རྩ་བ་གུར་དཀར་ལན། །
ཡིན་ངེས་པའི་རྩ་བ་སྔོན་ལས་ཡིན། །
གསོད་ངེས་པ་ཤན་པ་ཡིན་ན་ཡང་། །
ཐིག་ངེས་པ་མདང་གསུམ་རྨི་ལམ་ཡིན། །
བྱེད་ངེས་པ་ཐབས་ལ་མཁས་པར་བྱེད། །
དེ་ངེས་པ་ལྔ་ཡི་འདྲ་གླུ་ཡིན། །
དབང་ཆེ་བ་ཤན་པ་རྨེ་རུ་རྩེས། །
དྲིན་ཆེན་བ་མོ་མའི་སྲོག་མགོ་བཏོན། །
ཁྲེལ་ཆེ་བས་སྔོན་ལན་རྗེས་སུ་བསྐྱབས། །
དགའ་ཆེ་བས་སེང་ཆེན་ཡིན་སེམས་ཚིམ། །
དེ་ཆེ་བ་བཞི་ཡི་འདྲ་གླུ་ཡིན། །
ཧོར་གུར་དཀར་སྒལ་བཤུ་རིང་བོར་བྱེད། །
ཤི་དམྱལ་བ་མནར་མེད་རིང་བོར་འཕེན། །
ཁྲེལ་ཕྱི་ཐག་རིང་བའི་མོ་མ་ཁྱོད། །
ཤར་ཇ་མཁར་རིང་མོར་འཁྲིད་རྒྱུ་ཡིན། །
དེ་རིང་བོ་བཞི་ཡི་འདྲ་གླུ་ཡིན། །
མི་ཁྱོད་འདྲ་ང་ལ་མཁོ་ངེས་ཡིན། །
ཧོར་གུར་དཀར་མེད་པར་གཏོང་ངེས་ཡིན། །
ཁྱོད་རང་ཡུལ་མལ་ནས་འགྲོ་ངེས་ཡིན། །
ངེད་གླིང་གི་མོ་མ་བྱེད་ངེས་ཡིན། །
དེ་ཡིན་པ་བཞི་ཡི་འདྲ་གླུ་ཡིན། །
