༄༅།།བོད་ལྷམ་ཁྱད་ཆོས་དང་རྣམ་པ་མི་འདྲ་བའི་རིགས།

ལྷམ་ནི་འགྲོ་བ་མིའི་རིགས་སྤྱི་ལ་དར་སྔ་ཞིང་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་ཡིན་པ་དང་། དེ་བཞིན་གནའ་བོའི་བོད་ལྷམ་ནི་རི་མཐོ་ཞིང་ཡུལ་གྲང་བའི་འཛམ་གླིང་ཡང་རྩེ་རུ་འཚོ་སྡོད་བྱེད་པའི་བོད་རིགས་མི་དམངས་ཀྱི་འཚོ་རྟེན་ལ་མེད་དུ་མི་རུང་བའི་གྱོན་གོས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་འཕེལ་རིམ་བརྒྱུད་ཡོད་པས་མཛེས་ཤིང་སྤུས་ཀ་ལེགས་ལ། དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་། འཚོ་བའི་དགོས་མཁོ་སོགས་ཕྱོགས་གང་ས་ཅི་ཐད་ནས་བོད་རིགས་ལ་ཧ་ཅང་འཚམ་པོ་ཡོད་པ་ཞིག་རེད། གལ་ཏེ་བོད་ཀྱི་གྱོན་ཆས་ནི་ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་ཚོམ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། གནའ་བོའི་བོད་ལྷམ་ནི་མཛེས་སྡུག་ཡིད་དབང་འཕྲོག་པའི་མེ་ཏོག་གངས་ལྷ་ཇི་བཞིན་གཞན་དྲིང་མི་འཇོག་པའི་ཁྱད་ཆོས་ལྡན་པར་མ་ཟད། གངས་ཅན་རིག་གནས་ཀྱི་དམིགས་བསལ་མཚོན་རྟགས་ཤིག་ཏུ་གྱུར་ཏེ་ཀུན་གྱི་བློ་ངོས་སུ་མཛེས་རིས་འགོད་པར་ཐེ་ཚོམ་མ་མཆིས་སོ།

གནའ་བོའི་བོད་ལྷམ་ནི་བོད་རིགས་ཀྱི་རྒྱན་གོས་ཀྱི་ཁྱད་ཆོས་མཚོན་པའི་ཚབ་མཚོན་ཞིག་ཡིན་པ་དང་། བོད་ལྷམ་བཟོ་བའི་ལག་རྩལ་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་ནས་དར་བར་བཤད་ཅིང་། སྲོལ་རྒྱུན་གྱི་ལྷམ་བཟོའི་ལག་རྩལ་བོད་ཀྱི་ས་ཆ་གང་སར་ཁྱབ་ཡོད་དེ། ཆབ་མདོ་དང་། ནག་ཆུ། ལྷོ་ཁ། གཞིས་རྩེ། ལྷ་ས་སོགས་ཀྱི་ལྷམ་བཟོ་སྟངས་ལ་རང་རང་གི་ཁྱད་ཆོས་ཡོད་པ་རེད། དེ་ལྟར་ས་འོག་ནས་ཐོན་པའི་རིག་དངོས་ལ་རྟོག་ཞིབ་བྱས་པ་ལས། སྔ་དུས་ཀྱི་རྡོ་ཆས་གསར་པའི་དུས་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱི་གཏེར་ལམ་རྫོང་རྒྱུད་དུ་ཀོ་བའི་འཇུར་རྟ་ཡོད་པ་ཤེས་རྟོགས་བྱུང་ཞིང་། གདོད་མའི་འཇུར་རྟ་འདིའི་རིགས་ཀྱི་རྒྱུ་ཆ་ནི་ཀོ་བ་ཡིན་པ་དང་། ཅུང་མཐུག་པའི་ཀོ་བས་ལྷམ་མཐིལ་བཟོས་ཤིང་། ཅུང་སྲབ་པའི་ཀོ་བ་དེ་ངོས་བྱས་ཏེ་ལྷམ་མཐིལ་དང་ངོས་གཉིས་བཙེམ་པར་གནག་ཕྱུགས་དང་ལུག་གི་རྒྱུན་བུ་བཀོལ་བ་དང་། ལྷམ་མགོའི་མདུན་སྣེར་ད་དུང་སྤུ་ལྡན་གྱི་ནོར་ལུག་གི་པགས་པས་བརྒྱན་ཡོད། འཇུར་རྟ་འདིའི་རིགས་ནི་བོད་ལྷམ་གྱི་མེས་པོ་ཡིན་ཞེས་བཤད་ཀྱང་ཆོག


གནའ་བོའི་བོད་ལྷམ་གྱི་དབྱེ་བ་ཧ་ཅང་མང་ཞིང་རྣམ་གྲངས་ཀྱང་མི་འདྲ་བ་མང་པོ་ཡོད་དེ། རྒྱུ་ཆ་མི་འདྲ་བའི་སྒོ་ནས་ཕོ་ཟོམ། མོ་ཟོམ། རས་ཟོམ། ཀོ་ལྷམ། འཇའ་ཆེན། སག་ལྷམ། སྦལ་ཁ། ལྷམ་སྣེ་འཁྱིལ། རྒྱ་ལྷམ། ཕྱིང་འབོབ། ཐིག་འབོབ། ལྷམ་རྟ་ཟོན་མ། ལྷམ་སྤུ་མ། གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་ལྷམ་དུ་གྲགས་པའི་ལྷམ་ཉེ་བའི་རིན་པོ་ཆེ་སོགས་སོ། ས་ཁུལ་སོ་སོའི་ཆ་རྐྱེན་མི་འདྲ་བ་དང་། བཀོལ་བའི་རྒྱུ་ཆ་མི་འདྲ་བའི་དབང་གིས། དེར་ཀོ་བ་རྐྱང་མའི་བོད་ལྷམ་དང་། སྤུ་ཤུར་གྱི་བོད་ལྷམ། མེ་ཏོག་ཅན་གྱི་ཡུ་བཅད་བོད་ལྷམ་ཞེས་དབྱེ་བ་དང་། བཟོ་ལྟའི་ཐད་ནས་ཡུ་རིང་དང་། ཡུ་ཐུང་ཞེས་སུ་བགར་ཡོད་པ། བཀོལ་སྤྱོད་ཀྱི་ཐད་ནས་རྐྱང་པ་དང་། བལ་གྱིས་བཟོས་པ་བཅས་མི་འདྲ་བ་ཡོད། དེ་མིན་ད་དུང་རྟ་བཞོན་དུས་སུ་གྱོན་པའི་འཇུར་རྟ་ཡུ་རིང་དང་། ཕྱིང་ལྷམ། བླ་མས་གྱོན་པའི་མདོང་ནང་རས་དམར་གྱི་ལྷམ་ཡུ་འབྲིང་སོགས་ཡོད། ཡུལ་ཤུལ་ས་ཁུལ་གྱིས་ལྷམ་པ་ཞེས་འབོད་པའི་བོད་ལྷམ་འཇོང་འཇོང་ལ་ཁྱད་ཆོས་ཆེན་པོ་ལྡན་ཏེ། རྒྱན་སྤྲོས་ཀྱི་ཉམས་དོད་པོ་ལྡན་ཞིང་། ལྷམ་ངོས་ནག་པོ་དཀྱིལ་ངོས་སུ་གསེར་མདོག་གི་ཐིག་རིས་ཡོད་ཅིང་། གཞོགས་གཉིས་སུ་ཆ་འགྲིག་པའི་ལེབ་མོ་དམར་པོའམ་སྨུག་མདོག་གིས་བརྒྱན་ཡོད་པ་དང་། ཡུ་མདོང་སྟེང་དུ་ཚོན་མདོག་གི་ཐིག་རིས་ཀྱིས་བརྒྱན་མེད། ལྷམ་མགོ་ཡར་གྱེན་དུ་རྩེན་པ་དེ་ནི་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པར་མ་ཟད་མིག་ལ་ཡང་མཛེས་པོ་ཡོད་པ་རེད།

བོད་ལྷམ་གྱི་ཡུ་བའི་རྒྱབ་ཏུ་ལི་སྨི10ལྷག་ཙམ་གྱི་ཁ་གཤག་ཡོད་པ་དེ་ལྷམ་གྱོན་པ་དང་ཕུད་པར་སྟབས་བདེ་ཡོད་པ་དང་། བོད་ལྷམ་གྱོན་དུས་ལྷམ་སྒྲོག་འཕྱིང་དགོས། ལྷམ་སྒྲོག་ནི་ཧ་ཅང་མཛེས་ཤིང་དང་དོད་ཆེ་བའི་ལག་ཤེས་བཟོ་རྩལ་ཞིག་ཡིན། མང་ཆེ་བ་ཁུ་ལུ་ཕྲ་མོས་འཐག་སྟེ་དེའི་སྟེང་དུ་རི་མོ་སྣ་ཚོགས་བཀོད་པ་དང་། སྣེ་གཉིས་སུ་ཚོན་མདོག་བཀྲ་བའི་ཚོན་སྙེ་བཞག་ཡོད་པས། དེ་དང་བོད་ལྷམ་གཉིས་མཉམ་དུ་བཞག་ཚེ་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན།

བོད་ལྷམ་ལ་ད་དུང་ཁྱད་ཆོས་ཤིག་ལྡན་པ་ནི་རྐང་པ་གཡས་གཡོན་མི་བགར་བ་དེ་ཡིན་ཞིང་། དེ་ནི་ཇི་ལྟར་བྱས་ན་བཟོ་བ་ཡོད་པ་དང་། ཇི་ལྟར་བྱས་ན་ད་གཟོད་རྐང་པ་གཡས་དང་གཡོན་མི་བགར་བ་ཡིན་ནམ་ཞེ་ན། དེ་ནི་འཚོ་བའི་ཁྲོད་ཀྱི་མི་ལ་ལའི་རྐང་པར་སྐྱོན་ཡོད་པ་དང་། ཡང་ལ་ལས་རྐང་པ་དྲུད་ནས་འགྲོ་བ་ཡིན་པས། ལྷམ་ལ་ལའི་མཐིལ་གྱི་གཡོན་གཞོགས་ཟད་མགྱོགས་པ་དང་། ལ་ལའི་གཡས་གཞོགས་ཟད་མགྱོགས་པ་ཡོད། བོད་ལྷམ་གྱི་བཟང་ཆ་ནི་ལྷམ་གྱི་ཕྱོགས་གང་རུང་ལ་ཟད་སྐྱོན་བྱུང་བ་ཤེས་ནས་ལྷམ་བརྗེས་ཏེ་དུས་ཡུན་རིང་པོ་ཞིག་ལ་མུ་མཐུད་ནས་གྱོན་ཆོག་པ་ཡིན་ནོ། །
