༄༅།།གསའ་ཕྲུག་གསུམ་གྱི་པར་རིས།
བོད་ལྗོངས་མངའ་རིས་ས་ཁུལ་དུ་ལམ་ཐག་སྤྱི་ལེ་800ལྷག་གིས་བར་ཆོད་པའི་ཚེ་སྲོག་མྱུར་སྐྱོབ་ཀྱི་ལས་འགུལ་ཞིག་སྤེལ་བ་དང་། བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གླིང་དང་། བོད་ལྗོངས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ས་ཚིགས་ཀྱིས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནགས་ཚལ་རྩྭ་ཐང་སྡེ་ཚན་དང་མཉམ་འབྲེལ་ཐོག མཐོང་དཀོན་པའི་གསའ་ཕྲུག་མཚེས་སྐྱེས་གསུམ་བསྐྱབས་ཡོད། གསའ་ཕྲུག་མཚེས་སྐྱེས་གསུམ་པོ་དེ་དག་ནི་གསའ་ཨ་མ་དང་ཁ་ཐོར་བའི་རྐྱེན་གྱིས་ཡུན་རིང་ཟ་མ་མ་རག་པས་འཆི་ཉེན་ལ་ཐུག་པ་ཞིག་རེད།

བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གླིང་ནས་གསའ་ཕྲུག་མཚེས་སྐྱེས་གསུམ་པོ་དེ་དག་བདེ་ཐང་ངང་འཚར་ལོངས་བྱུང་བ་མཐོང་ཡོད།མངའ་རིས་མཚོ་ཆེན་རྫོང་ནས་ལམ་ཐག་སྤྱི་ལེ་800ཙམ་བརྒྱུད་དེ་བོད་ལྗོངས་རི་སྐྱེས་སྲོག་ཆགས་གླིང་དུ་དབོར་བ་དང་།དེ་ཉིན་ཆུ་ཚོད་24ལྟ་སྐྱོང་དང་ཚན་རིག་དང་མཐུན་པའི་སྐྱོབ་བཅོས་བྱས་པ་བརྒྱུད།ད་ལྟ་གསའ་ཕྲུག་མཚེས་སྐྱེས་གསུམ་པོའི་གཟུགས་གཞི་བདེ་ཐང་ཡིན་པའི་ཁར།གཟུགས་པོའི་ལྗིད་ཚད་ཀྱང་ཐོག་མའི་རྒྱ་མ་བཅུ་ཡས་མས་ནས་མིག་སྔའི་རྒྱ་མ་23ལྷག་བར་ལྕི་རུ་ཕྱིན་ཡོད། ད་ཐེངས་ཀྱི་མྱུར་སྐྱོབ་དེས་བོད་ལྗོངས་སུ་ཐེངས་གཅིག་ལ་གསའ་ཕྲུག་མང་ཤོས་བསྐྱབས་པའི་ཟིན་ཐོ་གསར་པ་བཏོད་ཡོད།

གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པ་དང་། འཛམ་གླིང་གསའ་ཡི་སྤྱི་འབོར་གྱི་བཅུ་ཆ་དྲུག་ཡན་ཀྲུང་གོར་ཡོད། ལྷག་པར་དུ་བོད་ལྗོངས་ནི་ཁོ་ཚོ་འཚོ་སྡོད་བྱ་ཡུལ་གཙོ་བོ་ཡིན་པ་རེད། ད་ཐེངས་བསྐྱབས་པའི་གསའ་ཕྲུག་མཚེས་སྐྱེས་གསུམ་པོ་དེ་དག་རི་སྐྱེས་སྲོག་ཆགས་ལྟ་སྲུང་བས་མངའ་རིས་མཚོ་ཆེན་རྫོང་གི་མི་མེད་ལུང་སྟོང་ཁུལ་ནས་རྙེད་པ་དང་། ཐོག་མར་གསའ་ཕྲུག་མཚེས་སྐྱེས་གསུམ་པོ་དེ་དག་རྙེད་སྐབས། བྲག་གི་བར་ཤུལ་དུ་འཁུམ་ནས་བསྡད་ཡོད་པ་དང་། གཟུགས་པོའི་ཤེད་མ་སྐྱོ་བའི་སྒང་ལ་གསའ་ཨ་མའི་ལྟ་སྐྱོང་ཡང་མེད་པར་ལུས་ཡོད། མངའ་རིས་མཚོ་ཆེན་རྫོང་ནགས་ཚལ་རྩ་ཐང་ཅུས་ཀྱིས་དུས་འགོའི་ལྟ་སྐྱོང་བྱས་པ་དང་། དེ་རྗེས་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གླིང་གི་སྐྱོབ་བཅོས་རུ་ཁག་གིས་ཆེད་ལས་མི་སྣ་དང་སྒྲིག་ཆས་འཁྱེར་ཏེ་དབུགས་ཐེངས་གཅིག་ལ་མཚོ་ཆེན་རྫོང་དུ་སྐྱོབ་བཅོས་ལས་དོན་སྤེལ་བར་བསྐྱོད་ཡོད།

གསའ་ཕྲུག་མཚེས་སྐྱེས་གསུམ་གྱི་དམིགས་བཙུགས་ལྟ་སྐྱོང་པ་རིག་འཛིན་རྡོ་རྗེ་ཡིས། ང་རང་ནས་ད་ལྟ་གསའ་ཕྲུག་མཚེས་སྐྱེས་གསུམ་པོའི་ལྟ་སྐྱོང་བའི་འགན་འཁུར་གྱི་ཡོད། ཁོ་ཚོ་དང་ཐོག་དེ་གར་སླེབས་དུས།སྐམ་པོ་ཞེ་དྲག་འདུགད་ལྟ་སྟོབས་ཆེ་རུ་ཕྱིན་ཡོད། ཉིན་ལྟར་ཆུ་ཚོད་4ནས་5བར་ཉིན་མ་སྲོ་རུ་འཇུག་དགོས་པ་དང་། ཉིན་རེར་འོ་མ་ཐེངས་གསུམ་རེ་སྟེར་དགོས། ད་དུང་ཁོ་ཚོའི་སྡོད་སར་དུག་སེལ་ཡང་ཡང་བྱེད་དགོས་ཞེས་གསུངས་ཞོར་དུ་རིག་འཛིན་རྡོ་རྗེ་ཡིས་ཅུང་བབ་བརླིང་བའི་རྣམ་འགྱུར་ཐོག་ནས། གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པས། ང་རང་ལ་གནོན་ཤུགས་ཆེན་པོ་འདུག་ལ། འགན་འཁྲི་ཆེན་པོ་ཡོད་པའི་ཚོར་སྣང་འདུག ངས་བསམ་པ་རྣམ་དག་གིས་ཁོ་ཚོ་རང་བྱུང་ཁམས་སུ་མི་གློད་པའི་བར་ལྟ་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས།

བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚིགས་ཉིད་2019ལོར་བཙུགས་ཚུན། ད་བར་རི་སྐྱེས་སྲོག་ཆགས་600ལྷག་བསྐྱབས་པ་དང་། དེའི་ནང་ནས་200ལྷག་རང་བྱུང་ཁམས་སུ་གློད་པས་གསོན་ཚད་བརྒྱ་ཆ་90ལས་བརྒལ་ཡོད། ལྷག་པར་དུ་གསའ་སྐྱོབ་བཅོས་བྱེད་པའི་ཐད་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གླིང་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། སྲུང་སྐྱོབ་གླིང་དེས་ཁྱོན་གསའ་8བསྐྱབས་ཡོད།

