༄༅།།ཧོར་གྱི་ཐེའུ་རང་བུ་མོ་སྤུན་གསུམ་གྱིས་བླངས་པའི་གླུ།

ཡོང་ཁུངས། ཧོར་གླིང་གཡུ་འགྱེད་སྨད་ཆ་ལས་དྲངས།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༢

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
   མཁྱེན་པས་གཟིགས་དང་ཧོར་གྱི་ལྷ། །
   ནམ་མཁའི་རླུང་རྫོང་གོང་མ་ནས། །
   གནམ་ཐེལ་སྲིད་པའི་འོད་འབུམ་དེ། །
   མི་དཀར་སྤྲིན་གྱི་ཐུ་ལུ་ཅན། །
   ར་དཀར་དུང་གི་རྣ་ཚར་ཅན། །
   དུང་ཤོ་དཀར་པོ་ཕྱག་ན་བསྣམས། །
   སྲིད་པ་ཤོ་ཡི་ཡ་བདག་ཁྱེད། །
   དེ་རིང་དུང་ཤོའི་ཁ་འཛིན་མཛོད། །
   གུར་མཚོའི་ལག་ཏུ་རྒྱན་སྐལ་ཞོག །
   བར་སྣང་སྟོང་པའི་ཐོག་རྫོང་ནས། །
   བར་ཐེལ་སྲིན་པའི་རྒྱང་གྲགས་དེ། །
   མི་སེར་འཇའ་ཡི་ཐུ་ལུ་ཅན། །
   ར་ཁྲ་རྒོད་ཀྱི་ཡང་དོམ་ཅན། །
   དུང་ཤོ་དཀར་པོ་ཕྱག་ན་བསྣམས། །
   སྲིད་པ་ཤོ་ཡི་ཁ་ལོ་བསྒྱུར། །
   དེ་རིང་དུང་ཤོའི་ཁ་འཛིན་མཛོད། །
   རྒྱན་གཉིས་གསེར་མཚོའི་ལག་ཏུ་སྤྲོད། །
   ས་གཞི་ལྕགས་རྫོང་འོག་མ་ནས། །
   ས་ཐེལ་སྲིད་པའི་གྲོང་འཇོམས་ལགས། །
   མི་ནག་དུང་གི་ཐུ་ལུ་ཅན། །
   ར་ནག་དར་ནག་ཅོད་པཎ་ཅན། །
   དུང་ཤོ་དཀར་པོ་ཕྱག་ན་བསྣམས། །
   སྲིད་པ་ཤོ་ཡི་སྣ་འདྲེན་མཛོད། །
   དེ་རིང་ཤོ་ཡི་སྐྱོར་ཡ་མཛོད། །
   རྒྱན་གསུམ་གཡུ་མཚོའི་ལག་ཏུ་བྱིན། །
   ཡང་མཁར་ཟི་ར་རྫོང་ཆེན་ནས། །
   ཐེལ་མོ་སྲིད་པའི་གྲོང་རྒྱུག་མ། །
   ནག་མོ་རྒོད་ཀྱི་ཐུ་ལུ་ཅན། །
   ཟངས་ཀྱི་དྲེད་མོ་རྒྱ་བོར་བཅིབས། །
   ཕྱག་ན་དུང་ཤོ་དཀར་པོ་བསྣམས། །
   སྲིད་པའི་ཤོ་དཔོན་བདག་མོ་ཡིན། །
   དེ་རིང་དུང་ཤོའི་རི་མོ་འཚོས། །
   རྒྱན་ཁ་ཨ་ལྕེ་གསུམ་ལ་གཏོད། །
   དེ་རིང་དུང་ཤོ་ལྷ་ཡི་རྫས། །
   མཐོ་བ་གནམ་ལ་མ་ཡར་དགོས། །
   བཅོ་བརྒྱད་གོང་མེད་མ་འབབ་དགོས། །
   དམའ་བ་ས་ལ་མ་ལྷུང་དགོས། །
   སུག་གུ་རྐང་ཐུང་མ་འབབ་དགོས། །
   བར་སྣང་རླུང་གིས་མ་བཀྱག་དགོས། །
   བཅུ་ཁ་རྡེལ་ཚང་མ་འབབ་དགོས། །
   རེ་འབྱམ་ལ་མོ་མ་རྒྱབ་དགོས། །
   ཡ་མེད་བསྟུད་གྲངས་མ་མང་དགོས། །
   སྲིད་པ་ཁ་གཅོད་དེ་དང་གཅིག །
   སུག་གུ་རྐང་གླང་དེ་དང་གཉིས། །
   བདུད་མཁར་ས་མེད་དེ་དང་གསུམ། །
   དེ་གསུམ་ཤོ་ཡི་རྟིང་མ་ཡིན། །
   ཤོ་རྟིང་ལག་ཏུ་མ་འོང་དགོས། །
   ས་ར་ཆགས་པའི་ལྷ་མཁར་ཡིན། །
   བརྒྱད་དཀར་ལྷ་རྫོང་གོང་མ་ཡིན། །
   བཅོ་ལྔ་སྲིད་པའི་ཁ་རྫོང་ཡིན། །
   དེ་གསུམ་གོང་མ་ལྷ་ཤོ་ཡིན། །
   ལྷ་ཤོ་དགྲ་ལ་མ་ཤོར་ཅིག །
   གསུམ་གཅིག་ཤོ་ཡི་མགོ་འདྲེན་ཡིན། །
   དྲུག་པོ་ཤོ་ཡི་གཞི་མ་ཡིན། །
   ལྕམ་མོ་ཕྱུག་གི་སྣ་ལེན་ཡིན། །
   དེ་གསུམ་ཐེལ་མོའི་ལག་ཏུ་ཞོག །
   ཁ་གསུམ་མཐུད་ཤོའི་རྟིང་མ་ཡིན། །
   བེ་ར་ཤོ་ཡི་ལུག་ར་ཡིན། །
   གཡས་ལེན་གཡང་གི་ཕུར་པ་ཡིན། །
   དེ་གསུམ་རྒྱལ་འདོད་སྨན་ལ་གཏོད། །
   བཅུ་གཅིག་སྲིད་པའི་སྒ་ལེན་ཡིན། །
   བཅུ་གསུམ་ལ་ཁའི་སོ་བ་ཡིན། །
   རྒྱ་སྒྲོམ་ནོར་གྱི་ར་བ་ཡིན། །
   དེ་གསུམ་གོང་མའི་ལྷ་སྐལ་མཛོད། །
   ཤོ་མིག་སྟོང་ལ་མ་བསྒྱུར་དགོས། །
   གཉིས་ལྔ་རང་ཁ་མ་སྟོད་ཅིག །
   ཁ་ཟུར་རྣོན་པོ་མ་འདྲ་དགོས། །
   བདུན་དགུ་རང་ལ་མ་སྟོན་ཅིག །
   ཤོ་གཡང་གཞན་ལ་མ་ཤོར་དགོས། །
   ས་ར་མི་ལ་མ་འགྲིམ་དགོས། །
   ཤོ་མཐའ་མི་ལག་མ་བྱུང་དགོས། །
   རེ་འབྱམ་རང་ལག་མ་འཇོག་ཅིག །
   གོང་མའི་ལྷ་ཞལ་མ་གནག་དགོས། །
   ཤོ་ཟུར་གནམ་ལ་མ་སྟོན་ཅིག །
   ཤོ་མིག་རྩིས་དྲུག་མ་ནོར་ཅིག །
   ཟུར་ཤོ་རྩིས་ལ་མ་འདྲེན་ཅིག །
   ཤོ་འཕྲོས་རྡོག་ལམ་མ་འཁྱར་དགོས། །
   ས་ར་ཁེར་འགྲོས་མ་བྱེད་ཅིག །
   ཤོ་ལམ་གྲོགས་ལ་མ་བཟུར་དགོས། །
   དྲུག་འགྲོས་ལ་ལ་མ་འགྲོ་ཞིག །
   དུང་ཤོ་མ་བུ་མ་འབྲལ་དགོས། །
   ཤོ་མགོ་སྣ་འདྲེན་མ་ཉེས་དགོས། །
   ལྕི་ལེན་སུག་པ་མ་འབབ་ཅིག །
   དུང་ཤོ་དགྲ་ལ་མ་ཐུག་ཅིག །
   ས་ར་ལམ་ཁས་མ་གཅོད་ཅིག །
   ལྷ་ཤོ་ནང་འཁྲུག་མ་བྱེད་དགོས། །
   ཤོ་ལམ་ཆུ་ཡིས་མ་བག་ཅིག །
   དབང་ཐང་ཆེ་ན་ལྷ་གཡག་ཤོག །
   ཀླུང་རྟ་དར་ན་ལྷ་མཁར་ཤོག །
   ཅི་བསམ་འགྲུབ་ན་ལྕམ་མོ་ཤོག །
   དེ་ནས་ལྷ་རྟེན་དུང་གི་ཤོ །
   ལག་པའི་ཟུར་ནས་མ་འཐོར་དགོས། །
   འཐོར་ན་ལྷ་མེད་ཡིན་པའི་རྟགས། །
   ཤོ་གདན་པང་ནས་མ་ཡར་ཅིག །
   ཡར་ན་བདེན་མེད་ཡིན་པའི་རྟགས། །
   དུང་ཤོ་ལག་རྒྱུད་མ་ཤོར་ཅིག །
   ཤོར་ན་ཁ་འཛིན་མེད་པའི་རྟགས། །
   མི་རྒོད་ཁེར་རྒྱུག་རྭ་ཡི་གཞུ། །
   མཆོག་དཀར་ཀླད་ནས་ཁུག་པར་ཤོག །
   ཕོ་གསར་མོ་རྒུད་སྟག་མོའི་བུ། །
   སྟག་ཕྲུག་མདའ་ཡིས་རྨས་པར་ཤོག །
   ཨ་ཆེས་རྒྱན་ལ་ཅི་ལོན་ཚོ། །
   གོང་མ་ལྷ་ཡི་ཤོ་རྟགས་ཡིན། །
   ཁ་འཛིན་མཛད་པའི་སྐུ་དབང་མཛོད། །
   རྟིང་མ་ལོན་པའི་དཔའ་དར་མཛོད། །
   ཤོ་འདིར་ཁ་འཛིན་མ་བྱུང་ན། །
   གླུ་འབོད་སྟོང་ལ་ལག་གཡུག་རེད། །
   མཆོད་གནས་རྡོ་ལ་སྣུམ་བྱུགས་རེད། །
   གསན་ན་གོང་མའི་གླུ་མཆོད་མཛོད། །
   མ་གསན་ད་རུང་གླུ་ཞུ་འབུལ། །