༄༅།།དམངས་ཁྲོད་རྟ་བཤད།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༢ ཚེས་ ༥

རྟ་རབ་གཅིག་གི་མགོ་བོ་ལ།
སྲོག་ཆགས་བདུན་གྱི་གཟུགས་བརྙན་ཚང་། །
རྣ་རྩེ་བདུད་ཀྱི་སོ་པ་ལ། །
རྣ་བུག་གསེར་གྱི་བུ་ག་དགོས། །
ཐོད་པ་མཚན་ལྡན་ཀཱ་པ་ལ། །
རྔོག་མ་ལྷོ་སྤྲིན་ཕྱུག་མོ་འདྲ། །
སྦལ་བ་རྒྱལ་པོའི་མིག་སྒམ་ལ། །
ཨ་བྲ་སྐྱ་མོའི་མིག་འབྲས་དགོས། །
གདོང་པ་མ་གད་ཌ་རུ་ལ། །
སྣ་ཁུང་ཇག་པའི་རྐུང་ལུང་དགོས། །
སྣ་སྒོ་ཟང་ཆེན་དུང་དམར་ལ། །
ཡ་མཆུ་པུ་ཏི་བརྩིགས་འདྲ་དགོས། །།
དུང་སོ་གའུ་ཁ་སྦྱོར་ལ། །
གཡང་དཀར་བསྟར་ལ་སྒྲིག་འདྲ་དགོས། །
མ་ནེ་ལོགས་ནས་བཏགས་འདྲ་ལ། །
འགྲམ་པ་གཡུ་འབྲུག་འཁྱིལ་འདྲ་དགོས། །
བྲང་ལྷ་སྒོ་ཕྱེས་འདྲ་ལ། །
སོག་པོ་མཛོ་རྒན་ཤ་ཤོར་དགོས། །
དཔུང་པ་ལུག་ཐང་བཀྱིགས་འདྲ་དགོས། །
རྩིབ་ཆེན་གུར་ཆེན་ཕུབ་འདྲ་དགོས། །
རྩིབ་ཆུང་གུར་ཆུང་ཕུབ་འདྲ་ལ། །
སྒལ་པ་ཉལ་མོའི་རྒྱབ་འདྲ་དགོས། །
སུག་བཞི་ཀ་བ་བཙུགས་འདྲ་ལ། །
སྒྱིགས་པ་རྒྱ་ཟོར་སྐུག་འདྲ་དགོས། །
རྨིག་པ་ལྩགས་འཁོར་སྒོ་འདྲ་ལ། །
ཚིགས་སྤུ་ཅ་ལ་བསྟར་འདྲ་དགོས། །
གྲ་ཁ་ཤ་བའི་སྤུ་ཆུང་ལ། །
རྔ་མ་རྡོ་ཐོག་ཆུ་ཕྱར་དགོས། །
རྔ་ལྟག་མུ་ཏིག་བསྟར་འདྲ་ལ། །
རྔ་སྣེ་མེ་ཏོག་འཐོར་འདྲ་དགོས། །
གངས་རིའི་རྩེ་ལ་རྒྱུག་དུས་སུ། །
གངས་སེང་དཀར་མོའི་རྩལ་ཞིག་དགོས། །
ཁྲ་ཡག་རྫ་ལ་རྒྱུག་དུས་སུ། །
བྲེ་སེ་འབྲོང་གི་རྩལ་ཞིག་དགོས། །
ཙནྡན་ནགས་ལ་རྒྱུག་དུས་སུ། །
དམར་ཡང་སྟག་གིས་རྩལ་ཞིག་དགོས། །
སེར་ཡག་སྤང་ལྲྒྱུག་དུས་སུ། །
ཕོན་ཆེན་ཤྭ་བའི་རྩལ་ཞིག་དགོས། །
ན་དམར་གཞུང་ལ་རྒྱུག་དུས་སུ། །
ཁ་དཀར་རྐྱང་གི་རྩལ་ཞིག་དགོས། །
ཆུ་བོའི་གཞུང་ལ་རྒྱུག་དུས་སུ། །
གསེར་མིག་ཉ་མོའི་རྩལ་ཞིག་དགོས། །
མགྱོགས་པའི་སྤུ་རིས་བཅོ་བརྒྱད་ཡོད། །
དཀར་པོ་ཐང་དཀར་རྒོད་ཀྱི་སྤུ། །
སྨུག་པོ་བྱ་རྒྱལ་ཁྱུང་གི་སྤུ། །
ནག་པོ་བདུད་བྱ་རོག་པོའི་སྤུ། །
ཁྲ་བོ་ཆུ་ནང་འདོ་བའི་སྤུ། །
སེར་པོ་ངང་པའི་རྒྱལ་པོའི་སྤུ། །
ཁམ་ཁམ་སྤུ་དང་བྲ་བྲའི་སྤུ། །
རྒྱང་དཀར་རྐྱང་ནག་རྐྱང་སེར་སྤུ། །
ནག་ཕུར་སྔོ་སྐྱ་སྔོ་ནག་སོགས། །
མགྱོགས་པའི་སྤུ་རིགས་གྲངས་མེད་ཡོད། །
མདོར་ན་འདོ་བའི་ཡག་བཞིན་དེ། །
ཁྲ་བྲང་ཁྱུང་སྐེ་ཡུ་མོའི་མགོ། །
སྟོད་ཀྱི་ཡག་གསུམ་དེ་ན་ཡོད། །
བ་རྔ་ཤ་སྒྱིད་སྒོར་བོ་དྲུག །
སྨད་ཀྱི་ཡག་གསུམ་དེ་ན་ཡོད། །
ཤ་སྤུ་གླང་གྲོད་ཉ་མོའི་རྒྱབ། །
སྐེད་ཀྱི་ཡག་གསུམ་དེ་ན་ཡོད། །
ངང་སེར་གསེར་གྱི་གཤོག་པ་ཅན། །
ལྷ་དང་བླ་མའི་ཆིབས་པ་ཡིན། །
བཅིབས་ན་ཆོས་བསོད་དགུང་ལས་མཐོ། །
བྲ་ནག་རླུང་གི་སྤུ་གྲི་ཅན། །
དབང་ཆེན་དཔོན་པོའི་ཆིབས་པ་ཡིན། །
བཅིབས་ན་ཁེ་བརྒྱ་མཁའ་ལས་ཡངས། །
སྔོ་ནག་ཁུ་བྱུག་སྤུ་རིས་ཅན། །
སྟག་ཤར་གཞོན་ནུའི་རྩེད་རྟ་ཡིན། །
ཞོན་ན་མེ་ཏོག་རྨིག་པས་གཏོར། །
དཀར་དཀར་དུང་གི་སྒོ་ང་འདྲ། །
སྨན་ཤར་བག་མའི་བག་རྟ་ཡིན། །
ཞོན་ན་གཡང་གི་སྒོ་མོ་འབྱེད། །
གྲོ་གྲོ་གསུས་ཆེ་མཇུག་མ་རིང་། །
ས་མཁན་སྔགས་པའི་ཞོན་རྟ་ཡིན། །
ཞོན་ན་གང་བསམ་ས་མིག་ལོན། །
ཁམ་ཞུར་ཁྲག་གི་རྔ་མ་ཅན། །
སྟོབས་ཆེན་དཔའ་བོའི་གཞོན་པ་ཡིན། །
ཞོན་ན་སྡང་དགྲ་ཟིལ་གྱིས་གནོན། །
སྨུག་གུ་གྲོ་ཞུར་རྔོག་མ་མཐུག །
ཞོན་ན་འདོ་བ་སྟོང་ཁར་འབུད། །
ཡིན་པའི་ཡིན་ལུགས་དེ་འདྲ་ཡིན།།