༄༅།།ཧོར་གྱི་ཐེལ་མོ་གསུམ་གྱིས་བླངས་པའི་གླུ།
གླུ་ཐ་ལ་ལ་མོ་ལ་ཐ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
མཆོད་དོ་བསྟོད་དོ་ཧོར་གྱི་ལྷ། །
ཁྲི་གདུགས་ཉི་མའི་འགྲིམ་ལམ་ནས། །
གནམ་ཐེལ་དཀར་པོ་ཧོར་གྱི་ལྷ། །
ཕྱི་མི་ནང་ལ་མ་གཏོང་ཞིག །
སྤྲིན་དཀར་ངང་ཡག་འགྲིམ་ལམ་ནས། །
བར་ཐེལ་ཁྲ་བོ་ཧོར་གྱི་ལྷ། །
ནང་མི་ཕྱི་ལ་མ་ཤོར་ཅིག །
ཧོར་ཆུ་ཁམ་པའི་འགྲིམ་ལམ་ནས། །
ཀླུ་ཐེལ་སྔོན་མོ་ཧོར་གྱི་ལྷ། །
རང་ཟོག་མི་ལ་མ་སྐུར་ཅིག །
སྐྱི་བསེར་རླུང་གི་འགྲིམ་ལམ་ནས། །
ས་ཐེལ་ནག་པོ་ཧོར་གྱི་ལྷ། །
ཕྱི་ནང་གོ་ལོག་མ་བརྗེ་ཞིག །
ཐོག་སེར་གཉིས་ཀྱི་འགྲིམ་ལམ་ནས། །
ལྕོག་ལྷ་མཚལ་རྩེ་ཧོར་གྱི་ལྷ། །
མི་ཟོག་སྐྱ་མོ་ནོམ་ལ་ལོངས། །
གནམ་ལྕགས་ཐོ་བའི་འགྲིམ་ལམ་ནས། །
ཐེལ་མོ་རྐང་གཅིག་ཧོར་གྱི་ལྷ། །
མི་དང་རང་གཉིས་མ་བརྗེ་ཞིག །
ས་འདིའི་ས་ངོ་མ་ཤེས་ན། །
ཧོར་ལ་བྱེ་མའི་ཡང་གོང་ནས། །
ཧོར་གཞུང་སྐྱ་མོའི་འགྲིམ་ལམ་ནས། །
སྤང་ལ་གོང་ཐོག་ལམ་དང་གཅིག །
བླ་རི་དར་རྒྱུད་ལམ་དང་གཉིས། །
བྱེ་མ་སྟོང་ཤོང་གཞུང་དང་གསུམ། །
དེ་གསུམ་འཛོམ་པའི་འདུས་མདོ་རེད། །
སྨན་མོ་ངེད་གསུམ་མི་ཤེས་ན། །
ཆེ་བ་གཡའ་དཀར་སྟོད་ནས་ཆད། །
གནམ་ཐེལ་དཀར་པོའི་རྒྱུད་པ་ཡིན། །
གངས་ཀྱི་བུ་མོ་གུར་མཚོ་ཡིན། །
རི་པ་ཤོག་གི་བུ་མོ་ཡིན། །
འབྲིང་བ་སྤང་དཀར་སྟེང་ནས་ཆད། །
བར་ཐེལ་ཁྲ་པོའི་རྒྱུད་པ་ཡིན། །
སྤང་གི་བུ་མོ་གསེར་མཚོ་ཟེར། །
ཐང་པ་ཤོག་གི་བུ་མོ་ཡིན། །
ཆུང་བ་རྫ་རིའི་རྒྱུད་ནས་ཆད། །
ས་ཐེལ་ནག་པོའི་རྒྱུད་པ་ཡིན། །
རྫ་ཡི་བུ་མོ་གཡུ་མཚོ་ཡིན། །
འབུམ་པ་ཤོག་གི་བུ་མོ་ཡིན། །
སྐྱ་རེངས་སྲུང་བའི་ལམ་འགོག་ཡིན། །
སྐྱ་མོ་རྒྱུད་ཀྱི་ལམ་སོ་ཡིན། །
འདུག་ན་ལྷ་དང་གདན་གཅིག་ཡིན། །
འགྲོ་ན་ལྷ་དང་མཉམ་ཆས་ཡིན། །
ཆུང་གསུམ་ཨ་མའི་པང་ཁ་ནས། །
ཧོར་ལྷ་གསུམ་དང་མཉམ་སྐྱེད་ཡིན། །
དགྲ་ལྷ་གསུམ་དང་མཉམ་རྒྱུག་ཡིན། །
ལ་གསུམ་འདུས་པའི་རྩེ་ལ་བཞག །
ལུང་གསུམ་འདུས་པའི་མདོ་ལ་བཞག །
ཉི་མ་གཞེས་ནིང་ཚུན་ཆད་ནས། །
ཕྱི་མི་ནང་ལ་བཏང་ནས། །
ཐོག་ལ་རིང་མོ་ཚུན་ཆད་ལ། །
མི་རྗེས་མིག་གིས་རིག་ས་མེད། །
འདབ་ཆགས་བྱུང་ན་གཞུ་ཡིས་བསད། །
རི་དྭགས་བྱུང་ན་རྡོ་ཡིས་དཀྲོགས། །
འབུ་སྲིན་བྱུང་ན་ཚེར་མས་ཕྱགས། །
སྐྱི་བསེར་བྱུང་ན་ཡོལ་བས་བཀག །
མེ་རི་འབར་ན་ཆུ་ཡིས་བསད། །
ཆུ་སྣ་བྱུང་ན་ས་ཡིས་བཀག །
འབྱུང་སྔ་ཡོང་ས་མི་རྙེད་དུས། །
མི་རྟ་ཁྱུ་གསུམ་ཅི་ལ་ཐར། །
ལམ་སྐྱ་མོ་འདི་ཡི་ཕར་བཅད་ན། །
དངོས་ཡོད་མི་ཡི་སྒོ་སྲུང་ལ། །
ཏེ་སེ་བུ་ཡི་ཐོག་བཙན་ཡོད། །
གྲུམ་པའི་སྟོང་འཁྱམས་སྣ་ནག་ཡོད། །
དེ་ཚོ་མ་ཐུག་ག་ནས་འོངས། །
དངོས་མེད་ཐེའུ་རང་སྒོ་སྲུང་ལ། །
འདྲེ་རྗེ་ཤེ་ལེ་རྐང་གཅིག་ཡོད། །
རླུང་གི་རྐྱལ་བ་འཁུན་འདེབས་ཡོད། །
དེ་ཚོ་མ་ཐུག་ག་ནས་འོངས། །
ལས་གལ་ཆེན་ཡོང་དོན་ཅི་ཡིན་ཤོད། །
བྱ་ངང་པ་འགྲོ་བ་བྱང་ལ་འགྲོ། །
བྱང་ན་དམར་མཚོ་ལ་གཏད་ནས་འགྲོ། །
མཚོ་མེད་ན་ངང་པ་འགྲོ་དོན་མེད། །
ལྷོ་བྱང་གི་བར་དེ་ས་ཐག་རིང་། །
རྩེ་གཤོག་དྲུག་ཟད་ཟད་འཕུར་དགོས་མེད། །
དྲེལ་སྨུག་ཆུང་འགྲོ་བ་དབུས་ལ་འགྲོ། །
རྒྱུ་ཉོ་ཚོང་ཟོང་ལ་གཏད་ནས་འགྲོ། །
ཟོང་གོང་ཐང་ཆུང་ན་འགྲོ་དགོས་མེད། །
སྟོད་དབུས་ཀྱི་བར་དེ་ས་ཐག་རིང་། །
རྐང་རྨིག་བཞི་བུག་བུག་རྒྱུག་དགོས་མེད། །
སྟག་ཤར་བ་འགྲོ་བ་ཚོང་ལ་འགྲོ། །
ཚོང་རང་དོན་ཁེ་ལ་བསམས་ནས་འགྲོ། །
དོན་མེད་ན་སྟག་ཤར་ཅི་ལ་འགྲོ། །
ཕོ་བྱེས་སོང་གཞིས་ཉི་དཔྱིད་ལས་རིང་། །
ལུས་ཨ་ཐང་ཆད་ཆད་འགྲོ་དགོས་མེད། །
ཁྱོད་སྟག་ཤར་ཡོང་ཡོང་ག་ནས་འོངས། །
སེམས་གཏིང་ལ་དོན་བསམ་ཅི་འདྲ་ཡོད། །
དེ་མེད་ན་འདི་རུ་ཅི་ལ་འོངས། །
ལ་བཞིན་གཏམ་ལ་འདི་འདྲ་ཡོད། །
ཕོ་གསར་བློ་དང་ལ་ཁའི་དར། །
གར་ལྡང་རླུང་ཕྱོགས་ཕྱ་ལ་ལ། །
དེ་འདྲ་གཅིག་ལ་ལ་ཐང་མེད། །
དེ་ནས་སྟག་ཤར་གོ་ཁྲབ་ཅན། །
ས་ག་འདྲ་གཅིག་ལ་འགྲོ་བསམ་ཡོད། །
ལུས་འགྲོ་འདོད་མེད་ཀྱང་བསམ་པས་འདྲུད། །
རྟ་རྒྱུག་འདོད་མེད་ཀྱང་ལྕག་གིས་འདེད། །
མགོ་དར་འཕྲུ་དབང་མེད་རླུང་གིས་བསྐྱོད། །
ས་སྐྱིད་ས་ཞིག་ནས་མི་འདུག་པར། །
ཧོར་ཐོག་ལའི་རྒྱུད་ལ་འགོས་ལུགས་དང་། །
བྱང་བྱེ་མ་ཉག་ལ་འཁྱམས་ལུགས་འདི། །
ས་འདི་ལ་མ་འོངས་ཕན་ཆད་ལ། །
ལས་ཅི་བྱེད་ཁྱོད་རང་རང་དབང་ཆེ། །
ད་དེ་ནས་སྤོ་ཁང་སྒོ་རྩ་ལ། །
ལུས་གོམ་གང་སྤོས་དང་ཚུན་ཆད་ནས། །
ལས་ཅི་བྱེད་ཐེལ་མོ་སྤུན་གསུམ་ལག །
དོན་དེ་ཕྱིར་སྟག་ཤར་སྐྱེས་བུ་ཁྱོད། །
ས་འདི་ལ་འོངས་པའི་དོན་བྱ་ཤོད། །
གཏམ་མ་གསང་དྲང་བོར་བཤད་པ་ན། །
ཁྱེད་རང་ཡུལ་ཕྱིར་ལམ་བརྒྱུད་ནས་མངག །
དེ་མིན་ཨ་ཆེན་ཧོར་ཡུལ་སྟོད། །
རྡོ་རྟ་སུམ་མདོ་ཚུན་ཆད་ནས། །
ལུང་ཆེན་སྒང་ཟེ་མན་ཆད་དེའི། །
ས་བདག་རྒྱལ་པོ་ཨ་གནམ་ཡིན། །
ལ་བདག་ཐེལ་མོ་སྤུན་གསུམ་ཡིན། །
ཁྱོད་རང་གསོན་པོར་མི་གཏོང་ཏོ། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་གྱིས། །
