༄༅།།ཐུགས་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་བླངས་པའི་གླུ།
གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །
གླུ་ཨ་ལ་ཨ་ལ་ཨ་ལ་ལེན། །
གླུ་མཁྱེན་པས་གཟིགས་དང་བཀའ་དྲིན་ཅན། །
དབུ་ནག་བོད་ཀྱི་མེ་ཏོག་སྐལ། །
སེང་ཆེན་ནོར་བུ་དགྲ་འདུལ་མཁྱེན། །
ས་འདི་ས་ངོ་མ་ཤེས་ན། །
ལྷ་མཁར་ལྡེམ་པ་ཡང་སྟེང་ནས། །
གཟིམ་ཆུང་བཀྲ་ཤིས་སྒོ་མོ་རེད། །
ང་དང་ང་ངོ་མ་ཤེས་ན། །
རྒྱ་ཚ་ཞལ་ལུའི་སྲས་པོ་ལ། །
འབུམ་པའི་དགྲ་ལྷ་རྩེ་རྒྱལ་ཡིན། །
དེ་ནས་སེང་ཆེན་རིན་པོ་ཆེ། །
ཁམས་གསུམ་འཁོར་བའི་ཕ་མ་ལགས། །
དབུ་ནག་སྐྱིད་ཀྱི་གཞི་མ་ལགས། །
འགྲོ་དྲུག་འདྲེན་པའི་བླ་མ་ལགས། །
དགོས་འདོད་འབྱུང་བའི་ནོར་བུ་ལགས། །
འདོད་རྒུ་འཛོམས་པའི་དཀོར་མཛོད་ལགས། །
ཤར་གླིང་མཐོང་བ་ཀུན་སྨོན་གྱི། །
མེ་ཏོག་ཕོག་མའི་ལྷ་སྐལ་ལགས། །
འབུམ་པའི་རྒྱལ་བརྒྱུད་རིན་པོ་ཆེ། །
དགྲ་ལྷ་རྩེ་རྒྱལ་གླུ་ལ་གསོན། །
ཕ་དྲིན་ཅན་མེད་པའི་དྭ་ཕྲུག་ང་། །
ཆུང་བྱེའུ་ཕྲུག་གཤོག་པ་ཞན་པར་གདའ། །
དགུང་འཕུར་འདོད་ཆེ་ཡང་གཤོག་རྩལ་དམའ། །
ཡར་འཕྱོ་འདོད་ཆེ་ཡང་སེམས་རྩ་ཉམས། །
མཐོ་ནམ་མཁའ་ཡངས་པའི་བྱ་ལམ་ནས། །
བྱ་གླག་མོ་ལྕགས་ཀྱི་སྤར་མོ་ཅན། །
ཁོ་ཟ་འཚོལ་ཐང་ལ་འཁྱམས་ཞན་འདྲ། །
མ་མཁལ་དཀར་བྱེའུ་ལུས་པ་ན། །
གླག་རྒོད་པོ་ལན་རེ་འཁོར་ཞིང་ལྟ། །
ཕ་ཞལ་དཀར་འཁོར་རེ་གདའ་ན་བསམ། །
དེ་བསམས་ཤིང་རྩེ་རྒྱལ་ལན་རེ་སྐྱོ། །
སྤང་ཐང་ཆེན་རི་ཡི་ཆ་ག་ན། །
ཤ་རུ་རྒྱས་རི་རྒྱལ་ངོས་ལ་འགྲིམས། །
ཁོ་རི་རྒྱུད་ཉུལ་རྒྱ་ཆེ་ཞན་འདྲ། །
ཤ་ཡུ་མོས་ཤེའུ་ཆུང་ཁྲིད་ཁྲིད་ནས། །
ཉིན་ལན་རེ་ཕ་དང་འཛོམ་ཞིང་གདའ། །
དཔའ་ཞལ་ལུ་མཇལ་རྒྱུ་བྱུང་ན་བསམ། །
དེ་བསམས་ཤིང་རྩེ་རྒྱལ་ལན་རེ་སྐྱོ། །
དགུང་ནམ་མཁའ་སྤྲིན་གྱི་ཡང་སྟེང་ནས། །
མཐོ་ཁྲི་གདུགས་གསེར་གྱི་དར་ཤམ་ཅན། །
ཁོང་རྒས་ཀྱི་དགོང་ལ་བྱོན་ཞན་འདྲ། །
ལྷོ་འཛམ་གླིང་བོད་ཀྱི་ལྟད་མོ་ལ། །
ཉིན་ལན་རེ་འབྱོར་ཞིང་བྱོན་པར་གདའ། །
དཔའ་རྒྱ་ཚ་འབྱོར་སྐལ་ཡོད་ན་བསམ། །
དེ་བསམས་ཤིང་རྩེ་རྒྱལ་ལན་རེ་སྐྱོ། །
ང་ཕ་མེད་དྭ་ཕྲུག་རྩེ་རྒྱལ་འདི། །
སེམས་ཐེངས་རེ་སྐྱོ་ཞིང་ཐེངས་རེ་སྐྱིད། །
ནུབ་མར་ཉལ་ཞལ་ལུ་བསམས་ནས་སྐྱོ། །
དཔའ་ཞལ་ལུ་ཧོར་ལ་ཤོར་བསམ་སྐྱོ། །
ནམ་ཡར་ལངས་སེང་ཆེན་བཞུགས་བསམ་སྐྱིད། །
སྐུ་སེང་ཆེན་ད་ལྟ་བཞུགས་བསམ་སྐྱིད། །
ཕ་དྲན་པ་ཉིན་མཚན་ཆུ་འདོད་ལ། །
ཁྱེད་སེང་ཆེན་སྦྲང་ཆར་ཟིམ་བུ་རེད། །
སྐུ་སེང་ཆེན་ཡིད་བཞིན་ནོར་བུ་ལགས། །
ཁྱེད་ལ་འབྱོར་གླིང་དཀར་སྟོད་ལ་བཞུགས། །
ཁྱེད་སེང་ཆེན་ཧོར་ལ་བྱོན་པ་ན། །
ཕ་རི་རྒྱལ་འདྲ་དེ་ཧོར་ལ་ཤོར། །
ང་འབུམ་མེ་དྭ་ཕྲུག་ཐང་བསྐྱུར་བྱས། །
ད་ཨ་ཁུའི་སྐུ་འདི་མ་དབང་ན། །
ངུས་ན་བརྒྱ་སྡེས་མི་ཁ་གླེང་། །
མ་ངུས་སྐྱོ་མོས་ཡི་ཐང་ཆད། །
དེ་བས་ཨ་ཁུ་བཞུགས་རོགས་མཛོད། །
ང་ལོ་དགུ་ལོན་པའི་ཚུན་ཆད་ནས། །
ཁུ་བོ་དམར་ལེབ་གྲི་ཁར་ཤོར། །
ཕུ་བོ་སྣང་ངུ་ཨ་ལྔས་བཀྲོངས། །
ཇ་མཁར་རིང་མོ་དམག་གིས་བཤིག །
ཞལ་ལུ་དུང་ཟླ་ཤན་པས་བསྒྲིགས། །
དཔའ་བརྟུལ་མགོ་སྐེ་ཐང་ལ་ཕྲལ། །
ཡིད་སྐྱོ་ཞིང་སྐྱོ་ཞིང་བསྡད་ཙ་ན། །
ཁྱེད་སེང་ཆེན་བྱང་ནས་གླིང་ལ་འཁོར། །
ད་སེང་ཆེན་ཧོར་ལ་འབྱོན་པ་ན། །
ཧོར་སེར་པོ་བདུད་ཀྱི་སོ་བ་ཡིན། །
བདུད་ནག་པོའི་ཁ་རླངས་ཕོག་པ་ན། །
མ་སེམས་ཅན་འདྲེན་པའི་སྐྱེས་མཆོག་ཁྱེད། །
སྐུ་ཚེ་མཛད་པའི་འཕྲིན་ལས་ལ། །
བདུད་ནག་པོའི་བར་ཆད་འོང་དོགས་ཡོད། །
དོན་དེ་ཕྱིར་ཨ་ཁུ་བཞུགས་རོགས་མཛོད། །
ད་དེ་མིན་ཨ་ཁུ་འབྱོར་དགོས་ན། །
བུ་རྩེ་རྒྱལ་མ་བསྐྱུར་ཁྲིད་རོགས་མཛོད། །
མགོན་སྐྱབས་མེད་ལུང་སྟོང་ས་ཆ་རུ། །
ང་སྣང་ངུ་བསྡད་ན་དགོས་པ་ཆུང་། །
སྨུ་གསན་ན་སྙན་གྱི་བདུད་རྩི་ལ། །
གླུ་མ་གསན་གླུ་ཡི་འགྲེལ་བ་ཞུ། །
སྐུ་སྐྱེས་མཆོག་ཐུགས་ལ་དེ་ལྟར་ཞོག །
