༄༅།།སྙན་ཚིག་དུས་ཀྱི་ཕོ་ཉ།
བདེན་དོན་གནས་ལུགས་སྨྲ་བའི་ལྗགས་བཟང་དང་། །
རང་འདོད་ཞལ་ལྕེ་བསྣར་བའི་ནེ་ཙོ་གཉིས། །
དྲྭ་ལམ་ཐད་གཏོང་ལངས་ཕྱོགས་གཅིག་ན་ཡང་། །
དོན་དུ་དམིགས་ཡུལ་ཁ་ཕྱོགས་སོ་སོ་ཡིན། །
དྲུག་དྲུག་དྲུག་གི་འཕར་རྩ་་ལྡིང་བ་དང་།།
བརྒྱད་གཉིས་བརྒྱད་གསུམ་འོ་དོད་འབོད་པ་གཉིས། །
དོ་ཁུར་གཉོམ་ལག་རྒྱས་པའི་དམིགས་ཡུལ་གསུམ།།
ངུ་སྐད་ཀུ་ཅོ་འདོན་པའི་དོ་མ་ཡིན། །
རང་འདོད་སྙིང་ལ་རུམ་པའི་ལ་བརྒྱ་དང་། །
རྫུན་བཟོའི་ཐོན་ལས་ཤིང་ཁ་ཤོག་བཅད་གཉིས། །
གྲུང་པོའི་མིག་ལ་མཛའ་བར་མི་འགྱུར་ཡང་། །
བླུན་པོ་ཅལ་འདྲོགས་ཅན་ལ་རེ་ཞིག་མཁོ། །
ཆོས་ལུགས་ཐོན་རྫས་ལག་ཆ་མཁོ་སྤྲོད་དང་། །
ཆོས་མིན་རྫུན་དང་གཡོ་སྒྱུའི་འཁོར་ལོ་གཉིས།།
ལྟ་སྣང་མི་གཅིག་སོ་སོའི་ཐ་དད་ཀྱང་། །
དོན་དུ་གནོད་པའི་འདུ་འཕྲོ་གཅིག་པར་སྣང་། །
དུས་རབས་འཕེལ་ཕྱོགས་རེ་རེས་ཁུག་སོ་ནས། །
མི་སེམས་ཁ་ལོ་བསྒྱུར་བའི་འཆར་སྒོ་རེ། །
སྟོང་སེམས་འགྱུ་དྲན་སྐུད་པ་མ་ཆད་བར། །
དྲན་གདུང་འདི་ལ་ཡིད་ཆེས་མི་འཆའ་ཅི། །
དེ་སྐད་གང་དྲན་ཁ་པར་འཆར་ཤོག་ངོས། །
རང་སྐྱོན་རི་བོ་སྦེད་པའི་ཇུམས་པ་དེས། །
དྲུག་དྲུག་དྲུག་གི་བསྟན་པ་མ་སྤེལ་ཡང་། །
རྒྱུ་མཚན་ཡོད་མེད་དཔྱོད་ཤེས་རིག་པས་འབྱེད། །
