༄༅།།གནམ་ལོ་གསར་པའི་ལེགས་སྐྱེས།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༦

ཕུན་ཚོགས་བདེ་ལེགས་གཏམ་གྱི་དབྱར་རྔ་གླིང་བཞིའི་ཁྱོན་དུ་གྲགས་སྙན་ལྡིར། 

སྲིད་དོན་ལམ་བཟང་འོད་དུ་འཚེར་བས་ཉིན་མོར་སྣང་བའི་གཟི་དཔལ་སྦྱིན། །

ཞལ་གྱི་པད་མོ་ཕྱག་ཏུ་བཞད་པའི་བདེན་དོན་སྨྲ་བའི་ལྗགས་བཟང་གིས། །

གནམ་ལོ་གསར་ཚེས་ཤིས་པའི་གསུང་གླེང་སྐྱེ་དགུའི་རྣ་བའི་བདུད་རྩིར་སྤྲོས། །

 

འདས་སོང་ལོ་ཟླའི་རྒྱལ་ཁའི་བརྩོན་ལན་མཐོ་གསུམ་རི་བོའི་རྩེར་ནས་བསྔགས། །

མ་འོངས་འབྱུང་འགྱུར་ལམ་བཟང་བསྙེག་པའི་དཔའ་ངར་སྟོང་གིས་སྙིང་སྟོབས་སྦྱིན།།

ད་ལྟའི་གནས་བབ་སྲིད་འབྱོར་རིག་གསུམ་གླིང་བཞིའི་ཁྱོན་འདིར་བརྗིད་ཆགས་ལྡན།།

དུས་རབས་གསར་པའི་མེས་རྒྱལ་གཅིག་གྱུར་མཛའ་བརྩེའི་དཔུང་པ་མཉམ་དུ་གཤིབ། །

 

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་ནས་གཅིག་རྗེས་གཅིག་གིས་ཟླར་སྙེག་པའི། །

ཏང་གི་ལམ་ཕྱོགས་རྐང་རྗེས་འཇོག་པའི་དཔེ་བཟང་མི་སྣའི་བྱ་བཞག་དང་། །

རིགས་པ་སྨྲ་ཞིང་ལས་ལ་བརྩོན་པའི་སྲོལ་རྒྱུན་གསར་གཏོད་མཉམ་འདྲེས་ཀྱིས།།

མི་རིགས་མཐུན་སྒྲིལ་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་སྙིང་ལ་བཅངས། །

 

རྒྱལ་ཁྲིམས་རིན་ཆེན་གསེར་གྱི་སྙིང་པོ་སྙིང་གི་དྭངས་མར་ལག་ཏུ་བསྟར། །

མི་རིགས་རང་སྐྱོང་བཅའ་ཁྲིམས་དམ་འཛིན་ལེགས་ཉེས་སྟངས་འཛིན་ཤན་དུ་འབྱེད། །

བདེན་དོན་ཁྲིམས་སྐྱོང་ཞི་བདེ་མཉམ་གནས་མཐུན་སྒྲིལ་ལེགས་པའི་ལམ་དུ་ཕྱོགས། །

ཀྲུང་གོ་གསར་པའི་ཀྲུང་ཧྭའི་མཛེས་སྡུག་མཐོང་བྱེད་རྒྱལ་མོས་ཁབ་ཏུ་བཞེས། །

 

བཟོ་རིག་མཁས་པའི་ཕྱག་སོར་གྲོལ་བའི་རི་མོའི་འཇིག་རྟེན་གསར་དུ་བཞེངས། །

གསོ་བྱེད་སྨན་གྱི་རྩ་རྒྱུད་སྡོང་འགྲེལ་སྡོང་པོའི་གོ་ལའི་ཁྱོན་འདིར་འགེངས། །

གསལ་བྱེད་མིང་གཞིའི་རྟགས་ཀྱི་སྒྲ་གདངས་རིག་པའི་ཟབ་སར་ཤན་འབྱེད་ཏེ། །

གཏན་ཚིག་རིག་པའི་ཚུལ་གསུམ་རྟགས་ཀྱིས་ལོག་རྟོག་མུན་པ་སྙིང་ནས་དྭངས། །

 

སྡེབ་ལེགས་ཚིག་གིས་སྦྱོར་བའི་སྙན་སྒྲོན་སུམ་བརྩེན་ཚངས་པའི་ཞལ་ཡང་སྐྱེངས། །

རྒྱུ་སྐར་ཕྲེང་བར་ལྟ་བའི་ལྟད་མོར་ཚན་རྩལ་འཕུར་མདའི་ལམ་དུ་ཞུགས། །

འཇིག་རྟེན་གོ་ལའི་མིང་གི་མངོན་བརྗོད་སར་ལེ་མཁྱེན་པའི་རྒྱ་མཚོར་འཇུག། །

ཤེས་བྱའི་དཀྱིལ་འཁོར་གཅིག་ཏུ་ཟླུམ་པའི་གངས་ལྗོངས་ཉི་གཞོན་འོད་དུ་འཚེར། །