༄༅།།སྤྱི་དཔོན་གྱིས་བླངས་པའི་གླུ།

གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །
གླུ་ཨ་ལ་ཨ་ལ་ཨ་ལ་ལེན། །
སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །
དབྱིངས་འོད་གསལ་ལྷ་ལ་གསོལ་བ་འདེབས། །
ལྷ་ཐུགས་རྗེ་སྤྲུལ་སྐུའི་བྱིན་གྱིས་རློབས། །
ས་འདི་ཡི་ས་ངོ་མ་ཤེས་ན། །
ས་གླིང་དཀར་ནོར་བུའི་ས་ཆ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
རི་མི་འགྱུར་སྲིད་པའི་གངས་རིའི་འདབས། །
ཆུ་མི་འགྱུར་ཆབ་དཀར་བྲུབ་མདོ་ནས། །
ས་མི་འགྱུར་ཁྲ་སྟོད་ནམ་ལངས་པ། །
མཁར་མི་འགྱུར་གནམ་རྫོང་ཕྱུག་མོ་ནས། །
གདུང་མི་འགྱུར་རོང་ཚ་ཁྲ་རྒན་ཡིན། །
དུས་བདེ་འཇམ་སྐྱིད་ཀྱི་མགོ་ཚུགས་ན། །
སེམས་དགའ་སྤྲོས་ཇ་ཆང་སྐྱིད་གླུ་ལེན། །
དཔོན་གཡོག་མེད་བློ་སྣ་མ་མང་བར། །
གཞུང་བཟང་པོ་ཁྱིམ་མཚེས་སྐྱོང་ཤེས་གྱིས། །
མི་མང་པོའི་སེམས་རྩ་ཟིན་པ་ན། །
ཚོ་ལྷ་སྡེར་འགྱུར་བར་ལ་ཐང་མེད། །
ཕོ་རྒྱུ་མེད་སེམས་ཡུས་མ་ཆེ་བར། །
སྡེ་ཕྱུག་མོའི་ནོར་ལུག་འཚོ་ཤེས་གྱིས། །
ཕོ་གཞུང་བཟང་སེམས་རྩ་དྲོས་པ་ན། །
རྒྱུ་ནོམ་པ་མང་ཐོབ་ལ་ཐང་མེད། །
སྨན་ཟས་མེད་ཉྭལ་ཡུས་མ་ཆེ་བར། །
མགྲོན་གང་འོང་འཛུམ་གྱིས་བསུ་ཤེས་གྱིས། །
ཚོང་ཁེ་བ་ཕྱུག་པོར་གནས་གཡར་ན། །
ཟས་ནོར་ལུག་ཐོབ་པ་ལ་ཐང་མེད། །
ང་སྤྱི་དཔོན་སྡུག་ཡུས་མ་ཆེ་བར། །
གཉེན་ཉེ་གཞིའི་ལྷ་སྡེ་སྐྱོང་ཤེས་གྱིས། །
སེམས་བསམ་པ་གཅིག་ལ་རྡོག་གཏད་ན། །
གླིང་རྒྱལ་མཆོག་འབྱོན་པ་བཀའ་དྲིན་ཆེ། །
ཡུལ་འཇིག་རྟེན་ཁམས་ལ་དཔེ་བཞག་ན། །
སེང་དཀར་མོ་རྒས་ན་འགྱིང་རྩལ་འཆོར། །
དེ་ཤོར་ན་སེང་འབྲུག་བརྙས་བཅོས་བྱེད། །
སྟག་དམར་ཡག་རྒས་ན་མཆོང་རྩལ་འཆོར། །
དེ་ཤོར་ན་སྟག་ཕྲུག་བརྙས་བཅོས་བྱེད། །
བོད་མགོ་ནག་རྒས་ན་དབང་ཆ་འཆོར། །
དེ་ཤོར་ན་གཞོན་ནུས་བརྙས་བཅོས་བྱེད། །
ཁྱི་རྒོད་པོ་རྒས་ན་ཟས་སྐལ་འཆོར། །
དེ་ཤོར་ན་སྦྲང་བོས་བརྙས་བཅོས་བྱེད། །
རྟ་འདོ་བ་རྒས་ན་རྒྱུག་རྩལ་འཆོར། །
དེ་ཤོར་ན་རྟ་རྫིས་བརྙས་བཅོས་བྱེད། །
ང་སྤྱི་དཔོན་རྒས་ནས་དཔོན་སྐལ་འཆོར། །
བུ་སྣང་ངུ་སེར་བོ་ཧོར་ལ་ཤོར། །
ཚ་ཞལ་ལུ་དཀར་པོའི་དཔུ་འཕང་སྨད། །
གླིང་རྒྱལ་པོ་བདུད་ཡུལ་ཕེབས་ནས་འགྱངས། །
སྙིང་ནག་པོའི་ཕུ་ནུས་བརྙས་བཅོས་བྱས། །
དབང་བརྒྱད་ཅུ་འཕུང་འདྲེས་བཙན་འཕྲོག་བྱས། །
ཕྱི་ཕར་བཤིག་སྟ་རེ་གཡུག་བཞིན་ཡོད། །
ནང་ཚུར་བཤིགག་སྟེའུ་ཆུང་རྡོར་བཞིན་ཡོད། །
གླིང་སྡེ་བཤིག་རྐྱལ་བ་འདེགས་བཞིན་ཡོད། །
ཁྱིམ་བཟའ་འཁོན་སྡུག་སྐད་འདོན་བཞིན་ཡོད། །
སྙིང་ནག་པོའི་དྲི་མ་སྒོ་བཞིན་ཡོད། །
ཕོ་དེ་ཚོས་འདི་འདྲ་བྱེད་ངེས་ན། །
ཧོར་གུར་དཀར་བཙན་དྲག་ལོས་ཀྱང་བྱེད། །
བུ་ཚ་བོ་འཛོམས་པའི་ཕ་ཁུ་དེ། །
བག་བྲོ་བ་གཅན་གཟན་པགས་འཛོམས་འདྲ། །
གཡང་འཁྱིལ་བ་རྒྱ་མཚོའི་ནོར་བུ་འདྲ། །
མིས་སྨོན་པ་གསེར་གཞོང་མར་ཁུ་འདྲ། །
སེམས་བདེ་བ་གཡུ་བུམ་བདུད་རྩི་འདྲ། །
ང་མི་རབས་ཆད་པའི་རྒན་པོ་འདི། །
སེམས་སྐྱོ་བ་རི་སྤྱང་ལྟོགས་པ་འདྲ། །
གཉིད་མི་འོང་མུན་ཁུང་གཅོང་ཉལ་འདྲ། །
མིའི་བྱ་བ་སྒོ་ཁའི་སྤྲང་བོ་འདྲ། །
རང་སྡུག་པ་གཅེས་བུ་རྡོ་ཁུར་འདྲ། །
མར་རྩམ་པས་བྲོ་བ་མ་ཕུད་ན། །
སྐོམ་མི་འཐུང་ཇ་ལོ་ནག་ཁུ་ཡིན། །
ཕྲུག་ཕྱིང་བས་འཇམ་གདན་མ་བྱས་ན། །
མར་མི་ཉལ་ས་འཁྱགས་སྐྱ་ཐང་ཡིན། །
བྱང་ཁ་བསྟན་མུན་ཁུང་ནག་རུབ་དེས། །
ས་དོག་མོ་འཇིག་ཁ་ཉི་འོད་མཐོང་། །
ཆུ་རྒྱ་མཚོ་ཆེན་པོའི་གཏིང་ཞབས་དེས། །
དུས་བསྐལ་བ་འཇིག་དུས་ནམ་མཁའ་མཐོང་། །
ང་སྤྱི་དཔོན་རོང་ཚ་ཁྲ་རྒན་ངས། །
དུས་དེ་རིང་འཛམ་གླིང་རྒྱལ་པོ་མཐོང་། །
ལོ་བརྒྱད་ཅུ་གྱ་དགུས་ལོན་ན་ཡང་། །
སེམས་དགའ་བས་གཞོན་ནུའི་བྲོ་རེ་བརྡུང་། །
ད་གསོན་ཡང་གསོན་སྐྱིད་བྱེད་ངེས་ཡིན། །
ད་ཤི་ཡང་ཤི་སྐྱིད་བྱེད་ངེས་ཡིན། །
