༄༅།།སངས་རྒྱས་བསྟན་པའི་བཀའ་སྲུང་སེང་ཆེན་རྒྱལ།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
སྤྲེལ་རུས་རྐང་།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༢

བོད་ཆོལ་གསུམ་ཁམས་ཀྱི་ས་ཆ་ཡི།།
གནས་སྐྱིད་སོའི་ཡག་གི་ཁ་མདོ་རུ།།
ཡབ་སེང་བློན་དཔོན་དང་འགག་མོའི་སྲས།།
རྗེ་རིགས་གསུམ་ཀུན་འདུས་སེང་ཆེན་རྒྱལ།།
བདུད་མུ་སྟེགས་འདུལ་བའི་མཐུ་རྩལ་ཅན།།
མ་འགྲོ་བའི་མགོན་དུ་ཁྱེད་ཉིད་འཁྲུངས།།

ས་གླིང་ཡུལ་མཐོང་བ་ཀུན་སྨོན་ནས།།
ལས་ཞི་རྒྱས་དབང་དང་དྲག་པོ་བསྒྲུབས།།
གནས་རྫོང་ཆེན་རྫོང་ཆུང་ཆམ་ལ་ཕབ།།
གླིང་དཔའ་བརྟུལ་ཕུ་ནུའི་རྗེ་བོ་དང་།།
ཡང་ཕྱོགས་བཞི་དགྲ་བཞི་འདུལ་བའི་དཔོན།།
གླིང་སེང་ཆེན་བསམ་འཕེལ་ནོར་བུ་ཡིན།།

སྐུ་དཀར་ཕྱོགས་བསྟན་པའི་རྒྱལ་མཚན་དང་།།
གསུང་གནས་ལུགས་ཟབ་མོའི་སྒྲུང་རིང་ཡིན།།
ཐུགས་ངེས་གསང་རྫོགས་ཆེན་ཏིང་འཛིན་དང་།།
འཁོར་རིག་འཛིན་ཕོ་མོའི་ཚོགས་དཔོན་ཡིན།།
ཕྱི་ལོངས་སྤྱོད་ནོར་གྱི་གཏེར་སྒོ་ཕྱེས།།
ནང་དུས་འཁྲུགས་དམག་སྣ་ཁྱེད་ཀྱིས་བཟློག།

ཁྱེད་སྒོམ་ན་བླ་མ་ཀུན་འདུས་ཡིན།།
ཁྱེད་སྒྲུབ་ན་ཡི་དམ་ཀུན་འདུས་ཡིན།།
ཁྱེད་མཆོད་ན་ཆོས་སྐྱོང་ཀུན་འདུས་ཡིན།།
ཁྱེད་བདུད་བཞི་འདུལ་བའི་དམག་དཔོན་ཡིན།།
ཁྱེད་ཕྱི་མ་འདྲེན་པའི་བླ་མ་ཡིན།།
ཁྱེད་རྟ་རྒྱུགས་སྟོན་མོའི་རིག་གཞུང་ཡིན།།

ཁྱེད་སྟག་གཟིག་ནོར་གྱི་ནོར་བདག་དང་།།
ཁྱེད་དམྱལ་གླིང་མུན་པ་རང་བསལ་ཡིན།།
ཁྱེད་སྨུག་པོ་གདོང་གི་རུས་དཔོན་དང་།།
ཁྱེད་ཀུན་ལས་རྒྱལ་བའི་རྒྱལ་མཚན་ཡིན།།
ཁྱེད་ལོ་རྒྱུས་རིག་པའི་ཟིན་ཐོ་དང་།།
ཁྱེད་འཛམ་གླིང་ལྷ་སྒྲུང་རིང་མོ་ཡིན།།

གླིང་གེ་སར་བསམ་དོན་ཀུན་འགྲུབ་ཡིན།།
གླིང་གེ་སར་བྱིན་རླབས་རང་བྱོན་ཡིན།།
གླིང་གེ་སར་དངོས་གྲུབ་གཏེར་མཛོད་ཡིན།།
གླིང་གེ་སར་ཡོན་ཏན་ཀུན་འདུས་ཡིན།།
གླིང་གེ་སར་བསྟན་པའི་བཀའ་སྲུང་ཡིན།།
གླིང་གེ་སར་འདི་ཕྱིའི་སྐྱབས་གནས་ཡིན།།

༢༠༢༥   ༢  ༡༢  ཉིན་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་འཁྲུངས་སྐར་སྐབས་ཀྱི་སྤྲེལ་རུས་རྐང་གིས་སེམས་ཚོར་ཐད་བྲིས་པ་དགེའོ།།