༄༅།།མ་ཡུམ་འགོག་བཟས་བླངས་པའི་གླུ།
གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །
གླུ་ཨ་ལ་ཨ་ལ་ཨ་ལ་ལེན། །
སྟེང་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །
མ་སྤྲུལ་སྐུ་ཡུམ་ཆེན་བྱིན་རླབས་ཅན། །
གནས་དུར་ཁྲོད་རོལ་བའི་ཞིང་ཁམས་ནས། །
མ་ལོངས་སྐུ་ཕག་མོ་བརྩེ་དུང་ཅན། །
གནས་དག་པ་ཕྱོགས་བཞིའི་ཞིང་ཁམས་ནས། །
མ་སྤྲུལ་སྐུ་མཁའ་འགྲོ་སྡེ་ལྔ་ལ། །
བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
ས་འདི་ཡི་ས་ངོ་མ་ཤེས་ན། །
རྗེ་སྐུ་མཁར་སེང་འབྲུག་སྟག་རྩེ་རེད། །
སྨན་ང་དང་ང་ངོ་མ་ཤེས་ན། །
ལུས་སྐྱེ་བ་འདི་ཡི་གོང་རོལ་ན། །
མངལ་བག་ཆགས་དྲི་མས་མ་གོས་དུས། །
ལུས་ཤ་ཁྲག་སྤུབས་སུ་མ་འཁྲུངས་གོང་། །
མ་མཁའ་འགྲོ་འབུམ་གྱི་ཚོགས་རྗེ་མོ། །
ཡུལ་ཤེས་རབ་གསལ་བྱེད་དཀར་མོ་ཡིན། །
ད་སྐྱེ་བ་འདི་ལ་ཟིན་པ་ནས། །
ཀླུ་དུང་སྐྱོང་རྒྱལ་བོའི་སྲས་མོ་རེད། །
གླིང་གེ་སར་འཁྲུངས་པའི་ཨ་མ་ཡིན། །
ཁྱོད་སྤྲང་པོ་ཐུགས་ཁྲེལ་མི་གནང་བར། །
ང་ཨ་མས་དཔེ་བཞག་གླུ་འདི་གསོན། །
བྱ་རང་བ་སེར་པོ་བྱང་ནས་བྱོན། །
འབབ་ཟེར་ན་ཆུ་ཆེན་འགྲན་དུ་འབབ། །
མཚོ་སྔོན་མོའི་དཀྱིལ་ནས་ལྡིང་འགྲོས་རྒྱག །
ཆུ་གཙང་མོ་བཞུར་རྒྱུ་ཨེ་ཐོས་ལགས། །
ཞིང་ཆུ་མའི་བདག་པོ་ར་རེ་བ་ཆེ། །
བྱ་ཁུ་བྱུག་སྔོན་མོ་མོན་ནས་བྱོན། །
འབབ་ཟེར་ན་ཤུག་སྡོང་རྩེ་ལ་འབབ། །
ཤིང་ནགས་མའི་གསེབ་ནས་འཕུར་འགྲོས་རྒྱག །
སོས་དྲོད་འགུགས་གསུང་སྙན་ཨེ་ཐོས་ལགས། །
འབྲོག་གཡང་དཀར་བདག་པོར་རེ་བ་ཆེ། །
ལྷོ་གཡུ་འབྲུག་སྔོན་མོ་རྫ་ནས་བྱོན། །
འབབ་ཟེར་ན་སྤྲིན་ནག་ཀློང་དུ་འབབ། །
སྤྲིན་ལང་ལོང་འདུས་ནས་འཁྱུག་འགྲོས་རྒྱག །
ཆར་ཟིམ་བུའི་འབྲུག་སྒྲ་ཨེ་ཐོས་ལགས། །
ཞིང་རི་མའི་བདག་པོར་རེ་བ་ཆེ། །
ཁྱོད་སྤྲང་པོ་བྱང་ལམ་བརྒྱུད་ནས་ཕེབས། །
འབབ་ཟེར་ན་ཁྲོ་ཐུང་སྒོ་རྩལ་འབབ། །
ཤར་ཇ་མཁར་རིང་མོར་བཟུང་འགྲོས་རྒྱག །
བུ་སེང་ཆེན་ཕེབས་སྐད་ཨེ་ཐོས་ལགས། །
མ་འགག་བཟའ་སེམས་འཕྲེང་རེ་བ་ཆེ། །
རེ་ཆེ་བ་བཞི་ཡི་གླུ་ཡིན་ནོ། །
ཡུལ་འཇིག་རྟེན་ཁམས་ལ་དཔེ་བཞག་ན། །
དགུང་ཉི་མ་ཟེར་བའི་དྲིན་ཅན་འདིས། །
སྤང་པད་ཚལ་བུ་བཞིན་བསྐྱངས་བསྐྱངས་ནས། །
མདངས་རྒྱས་ཚེ་བ་མོའི་དབང་དུ་འགྲོ། །
ལན་དྲིན་གཟོ་གཅིག་ཀྱང་ཡོད་མི་གདའ། །
གངས་དཀར་མོ་ཟེར་བའི་དྲིན་ཅན་འདིས། །
སེང་དཀར་མོ་བུ་བཞིན་བསྐྱངས་བསྐྱངས་ནས། །
སྟོབས་རྫོགས་ཚེ་གཅན་གཟན་གསོད་ལ་འགྲོ། །
ལན་དྲིན་གཟོ་གཅིག་ཀྱང་ཡོད་མི་གདའ། །
ནགས་ཚང་ཚིང་ཟེར་བའི་དྲིན་ཅན་འདིས། །
སྟག་དམར་ཡག་བུ་བཞིན་བསྐྱངས་བསྐྱངས་ནས། །
རྩལ་རྫོགས་ཚེ་མི་རྟ་གསོད་ལ་འགྲོ། །
ལན་དྲིན་གཟོ་གཅིག་ཀྱང་ཡོད་མི་གདའ། །
རྫ་རིང་བོ་ཟེར་བའི་དྲིན་ཅན་འདིས། །
འབྲོང་བྲེ་སེར་བུ་བཞིན་བསྐྱངས་བསྐྱངས་ནས། །
རྣོ་རྭ་རྩལ་རྫོགས་ཚེ་གཞུང་དྲུག་འགྲིམ། །
ལན་དྲིན་གཟོ་གཅིག་ཀྱང་ཡོད་མི་གདའ། །
སྤང་ལུང་ཆེན་ཟེར་བའི་དྲིན་ཅན་འདིས། །
སྤྱང་ཨ་ཐོང་བུ་བཞིན་བསྐྱངས་བསྐྱངས་ནས། །
འདུར་རྒྱུགས་རྩལ་རྫོགས་ཚེ་རུ་མཐའ་ཉུལ། །
ལན་དྲིན་གཟོ་གཅིག་ཀྱང་ཡོད་མི་གདའ། །
མ་འགག་བཟའ་ཟིར་བའི་དྲིན་ཅན་འདིས། །
གླིང་རྒྱལ་པོ་བུ་དེ་བསྐྱངས་བསྐྱངས་ནས། །
ལོ་བཅོ་ལྔ་ལོན་ཚེ་བྱང་ལ་ཕེབས། །
ལན་དྲིན་གཟོ་གཅིག་ཀྱང་ཡོད་མི་གདའ། །
ཁྱོད་སྤྲང་པོ་བསམ་པ་མེད་ལུགས་འདིས། །
བྱང་ཡར་ཁམས་བརྒྱུད་ནས་གླིང་ལ་བྱོན། །
བདུད་ཕར་འདུལ་ཅི་འདྲ་མི་གསུང་བར། །
ལམ་བཤོལ་ནས་ཕེབས་དོན་ཅི་ཞིག་ཡིན། །
གླིང་སེང་ཆེན་ཁྲེལ་བསམ་མེད་ལུགས་འདིས། །
དཔའ་ཞལ་ལུ་རོང་ཚ་འབྲུག་མོ་སོགས། །
ཧོར་སེར་པོར་གསོད་འཕྲོག་བྱེད་དུ་བཅུག །
ད་ཕེབས་འདོད་ཡིད་ལ་མི་འཆར་བ། །
འདི་ཅི་ཡིན་གསུངས་གཅིག་གནང་རོགས་མཛོད་ཅེས་ཞུས་པར།
