༄༅། །གནའ་བོའི་རྩེད་ཐེར་གྱི་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༣

  གནའ་བོའི་བོད་ཀྱི་རྩེར་སོན་ལག་རྩལ་དང་ཐོན་ལས་ཀྱི་རིགས་ལས་རྩེད་ཐེར་གྱི་སྐོར་རགས་རིམ་ཙམ་ཞིག་ཞུ་བ་ལ། དེ་ཡང་ཐོག་མར་གང་ལས་བྱུང་བའི་ཐ་སྙད་ཀྱིས་གྲུབ་དོན། དེ་ལྟར་ཐོགས་པའི་ཡུལ་གྱི་ཁྱད་པར། རྩེད་ཐེར་བཟོ་བྱེད་ཀྱི་རྒྱུ་ཆ་ངོས་འཛིན་པ། །རྩེར་སོན་གྱི་རྣམ་དཔྱོད་དང་ཁྱད་ལས་ཀྱི་ལག་རྩལ། སྤུས་ཚད་མཐོ་བའི་ཐོན་རྫས་ཀྱི་ཁྱད་ཆོས་སོགས་ས་བཅད་རྣམ་པ་ལྔའི་སྒོ་ནས་གཏན་ལ་ཕབ་སྟེ་བཤད་པར་བྱ་བ་ལ།

དང་པོ། གང་ལས་བྱུང་བའི་ཐ་སྙད་ཀྱིས་གྲུབ་དོན།

    རྩེད་ཐེར་ཞེས་པ་ནི་གནའ་བོའི་འཐག་བཟོའི་ཕུལ་བྱུང་ལག་རྩལ་ལས་ཐོན་པའི་སྤུས་ཚད་མཐོ་ཤོས་ཀྱི་ཐེར་མའི་རིགས་ཤིག་གི་མིང་ཡིན་ལ། དེའང་ཐོན་ལས་ཡུལ་མིང་དང་འབྲེལ་ནས་ཐོགས་པའི་དངོས་མིང་དང་བཏགས་མིང་གཉིས་ལས་བཏགས་མིང་ཡིན་པར། ཡུལ་ཡར་ལུང་རྩེད་ཐང་ནས་བཏག་པའི་ཐེར་མ་ལ་རྩེད་ཐེར་ཞེས་ཐོགས་སོང་བའི་ཐ་སྙད་ཅིག་ཡིན་པར་སྙོན་དུ་མེད་ལ། འདི་ལ་ཁ་གཅིག་གིས་རྩེ་ཐེར་ཞེས་རྒྱུ་སྤུས་རྩེ་གྲ་ཡིན་པའི་ངོས་ནས་ཐེར་མ་དེ་ལ་རྩེ་ཐེར་ཞེས་བཏགས་པ་ཡིན་ཞེས་ལབ་པ་དང་། ཡང་ཁ་གཅིག་གི་གནའ་བོའི་ཕོ་བྲང་གི་ཡང་རྩེ་པོ་ཏ་ལར་བཞུགས་པའི་སྐུ་འཁོར་རྩེ་དྲུང་ཡིག་ཚང་དང་། དེ་རྗེས་རྩེ་དྲུང་རིམ་བཞིའི་གདན་ཐོབ་སྤྱི་ཁྱབ་ལས་ཁུངས་དང་། ཕྱིས་སུ་དྲུང་རིགས་སེར་སྐྱ་པའམ། རྩེ་ཤོད་གཉིས་སུ་བྱུང་བའི་གོ་ཐོབ་བཟུང་བའི་དཔོན་རིགས་རྣམས་ལ་ཡར་ལུང་རྩེད་ཐང་ཡུལ་སྡེ་དག་གིས་གྱོན་ཆས་ཁྲལ་དུ་འཇལ་དགོས་པའི་ཐེར་མ་དེ་ལ་རྩེ་ཐེར་ཞེས་བཏགས་པ་ཡིན་ཞེས་འདོད་པ་དང་། གོ་ཐོབ་གང་ཡང་མེད་པའི་སྐྱ་སེར་ཕོ་མོའི་རིགས་རང་ག་བ་དེ་ཚོའི་གོན་པའི་ཐོབ་ཐང་མེད་པས་རྩེ་ཐེར་ཞེས་བཏགས་པའི་བཏགས་མིང་ཞིག་ཏུ་ངོས་འཛིན་གནང་བ་སོགས་བཤད་དོ།། འདི་ནི་བོད་དམངས་ཁྲོད་རིག་གནས་དང་ལག་རྩལ་མཉམ་འདྲེས་སུ་སོང་བའི་ཐུན་མིན་ཐོན་རྫས་ཁྱད་ཆོས་འབུར་དུ་དོད་པ་ཞིག་ངོས་འཛིན་གནང་ཡོད། སྤྱིར་མིང་ལ་བརྟེན་ནས་དོན་དེ་བདེ་བླག་ངང་མི་འཁྲུགས་པར་རྟོགས་པའི་ཐབས་ཚུལ་ཁྱད་པར་ཅན་དུ་འགྱུར་ཏེ། དཔེར་ན། བུམ་པ་འོན་ཅིག་ཅེས་པའི་ཐ་སྙད་དེ་ཐོས་མ་ཐག་ཏུ་རྟོག་ངོར་འཆར་བའི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་བྱེད་ལས་ཅན་གྱི་བུམ་པ་དེ་དང་འཇུག་ཡུལ་རང་མཚན་བུམ་པ་དེ་གཉིས་གཅིག་ཏུ་འཁྲུལ་ནས་ཡུལ་རང་མཚན་བུམ་པ་དེ་ལ་འཇུག་པར་བྱེད་དོ། དཔེ་དེ་མཚུངས་སུ་རྩེད་ཐེར་ཞེས་པའི་ཐ་སྙད་དེ་ཐོས་མ་ཐག་ཏུ་རྩེད་ཐང་ཡུལ་སྡེའི་འཐག་བཟོས་ལག་རྩལ་གྱིས་བསྐྲུན་པའི་ཐེར་མ་དེ་ཡིན་པར་དོན་སྤྱིའི་ཚུལ་དུ་ཡུལ་ཅན་གྱི་རྟོག་ངོར་འཆར་བའི་ཐེར་མ་དེ་དང་། འཇུག་ཡུལ་རང་མཚན་ཐེར་མ་དེ་གཉིས་གཅིག་ཏུ་འཁྲུལ་ནས་གདག་བྱའི་ཡུལ་དང་འདོགས་བྱེད་མིང་དོན་གཉིས་གཅིག་ཏུ་འཁྲུལ་ནས་དེ་ལ་འཇུག་པར་བྱེད་པའི་བྱེད་ལས་ཀྱི་ཐབས་ཚུན་སྟོན་པའི་ཐ་སྙད་ཅིག་ཡིན། དེ་ཡང་མདོ་སྡེ་ལངྐར་གཤགས་པ་ལས། མིང་དུ་བཏགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་ཀྱིས། །ཆོས་རྣམས་མིང་དུ་བཏགས་པར་མཛད།། ཅེས་པ་ལྟར་དང་། མཁས་འཇུག་ལས་ཀྱང་། ཐོག་མར་བཏགས་པ་བརྡ་ཡིན་ཏེ། །ཕྱིས་ནས་འཇུག་པ་ཐ་སྙད་ཡིན།། ཞེས་གསུངས་ཏེ། ཐོག་མར་བརྡ་མི་རྒན་པོ་རྣམས་ཀྱིས་ཡུལ་ལ་འཇུག་པར་མི་འཁྲུགས་པའི་ཆེད་དུ་ཤེས་བྱའི་ཆོས་རེ་ལ་མིང་རེ་བཏགས་པ་ནི་བླང་དོར་གྱི་གནས་ལ་རྨོངས་པ་སེལ་ནས་ཚུལ་བཞིན་འཇུག་ལྡོག་བྱེད་བདེ་བའི་ཆེད་དུ་ཐབས་ལ་མཁས་པའི་སྒོ་ནས་བཏགས་པ་ཡིན།

གཉིས་པ། དེ་ལྟར་ཐོགས་པའི་ས་གནས་ཀྱི་ཁྱད་པར།

    གོང་དུ་ཞུས་པ་ལྟར་རྩེད་ཐེར་གྱི་ཡོངས་ཁུངས་ནི་སྔོན་འབྲི་གུང་སྒོམ་པ་རྡོ་རྗེ་དཔལ་གྱིས་ཁྲི་དཔོན་མཛད་སྐབས་ཡར་ལུང་ཁོག་སྣེ་གདོང་རྫོང་ཁོངས་མཁར་ཞིག་བརྩིགས་པ་གྲགས་པ་དེ་ས་གནས་སྲིད་གཞུང་གི་མངའ་ཁོངས་སུ་གཏོགས་པ་ལོ་རྒྱུས་རྣམས་སུ་གསལ་ལ།  རྗེས་སུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་བྱས་ཏེ་མཁར་དེ་རྒྱ་བསྐྱེད་དུ་བཏང་ནས་བོད་ས་གནས་ཡོངས་ཀྱི་སྲིད་དབང་བཟུང་སྟེ་ཕོ་བྲང་གི་ལྟེ་བ་བྱས་པ་གྲགས་ལ།  དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཁོངས་གཏོགས་སྣེ་གདོང་རྫོང་ཡོད་ས་རྩེད་ཐང་གྲོང་བརྡར་ཡིན་པར་གསལ་ལ།  སྤྱིར་གནའ་བོའི་དམངས་ཁྲོད་ཀྱི་རིག་གནས་དང་ལག་རྩལ་དར་ཁྱབ་ཆེས་ཆེ་བ་དེ་དཔོན་རབས་ཀྱི་གདན་སའི་ཁྱད་པར་ལས་ཆབ་སྲིད་བརྟན་བརླིང་དང་མངའ་ཐང་ཡར་རྒྱས་ཕྱིན་པའི་ཐབས་ལམ་ཉག་ཅིག་ལ་བརྟེན་ནས་ཉེ་འཁོར་གྱི་ཡུལ་མི་གྲོང་སྡེ་རྣམས་ལ་དགོས་པའི་རིག་གཞུང་དང་།  ཤེས་ཡོན་གྱི་འཇོན་ཐང་ཡར་རྒྱས་སུ་བཏང་བའི་དགོས་མཁོ་སྐོང་བར་ཤུགས་རྐྱེན་ཐེབས་ཏེ། བརྩིགས་བཟོ་དང་ཁང་མཁན་བླུག་དང་མགར་འཐགས་བཟོ།  བྲིས་དང་རི་མོ་བ་སོགས་དམངས་སྲོལ་ལག་རྩལ་ལ་གྲགས་ཆེ་བ་མང་པོ་བྱུང་བའི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ལ་གཞིབ་ནས།  སྐབས་དེར་རྩེད་ཐེར་འཐག་བཟོའི་ལག་རྩལ་དང་ཤེས་ཡོན་གྱི་འབྱོར་པ་ཕུན་སུམ་ཚོགས་པོ་བྱུང་ཡོད་པར་རྗེས་སུ་དཔོག་ཐུབ་ལ།   སྐབས་དེར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་ཧོར་རྒྱལ་པོའི་མི་རབས་ལ་ཕན་པའི་འཇའ་ས་དང་བཀའ་ལུང་བཟང་པོ་བྱུང་ནས་བོད་སྤྱི་ལ་དབང་བའི་གོ་གནས་སྤྲོད་པ་དང་།  སྣེ་གདོང་རྩེར་ཕག་གྲུ་སྡེ་སྲིད་ཀྱི་བསྟན་ཇུས་བཙུགས་ཤིང་།   སྔར་རྗེས་སུ་བོད་ཆོས་རྒྱལ་གོང་མའི་ཁྲིམས་ལུགས་རྣམས་བདེན་རྫུན་ཐང་མར་བརྡར་ནས་སྔར་གྱི་སྣེ་གདོང་བརྩིགས་མཁར་དེ་རྫོང་དུ་བསྒྱུར་ནས་ས་གནས་སྲིད་གཞུང་གི་རྫོང་དཔོན་བཏང་སྲོལ་གསར་དུ་བཙུགས་པའི་ལོ་རྒྱུས་སོགས་ལ་བརྟགས་ན། ཕག་གྲུའི་སྲིད་དབང་དེ་རྒྱ་ནག་དང་འབྲེལ་བ་ཧ་ཅང་ཟབ་པའི་སྐབས་ཡིན་པས་དར་གོས་ནང་འདྲེན་གྱི་ཚོང་ལས་ལ་བྲིན་པའི་སྐབས་དང་ཁེལ་ནས། དེ་དང་ལྟོས་འཇོག་སོང་བའི་མི་རིགས་འདིའི་འཁེལ་འཐགས་ལག་རྩལ་ཡང་རྒྱ་ནག་གི་དར་གོས་བཟོ་རྩལ་ཤེས་རིག་གི་ཟླ་ལ་སླེབས་པའི་རྣམ་རིག་གསར་པ་ཞིག་སད་ཡོད་པར་ར་སྤྲོད་བྱེད་ཐུབ། 

གསུམ་པ། རྩེད་ཐེར་བཟོ་བྱེད་ཀྱི་རྒྱུ་ཆ་ངོས་འཛིན་པ།

   རྩེད་ཐེར་ནི་དངོས་རྒྱུ་གང་ལ་བརྟེན་ནས་བྱུང་བ་བཤད་པ་ལ།  ལུག་གི་བལ་ལས་ཐོན་རྫས་འདི་བྱུང་བ་ཡིན་པར་ཀུན་གྱིས་ཤེས་སླ་ལ། ལུག་གཅིག་གིས་ལུས་པོའི་སྟོད་སྨད་བར་གསུམ་ལ་ཡང་བལ་རྒྱུ་བཟང་ཞན་དང་འཇམ་རྩུབ་དྭངས་སྙིགས་སོགས་ཀྱི་ཁྱད་པར་ཡོད་པས། རྩེད་ཐེར་བཟོ་བྱེད་ཀྱི་བལ་དེ་ལུགས་གི་རྐེ་སྤུ་ཁོ་ན་ལས་ལུག་བལ་ཡོད་ཚད་ཀྱིས་ཐོན་རྫས་ཀྱི་དགོས་མཁོ་སྐོང་མི་ཐུབ་ལ། དེའང་ལུག་ཆ་རེ་ཙམ་གྱི་རྐེ་སྤུས་གང་ཡང་འདང་ཕྱོགས་མེད་པས་གཟན་ལྟ་བུ་གཅིག་འགྲུབ་བྱེད་ལ་མ་མཐའ་ཡང་ལུགས་ཉིས་བརྒྱ་ཡས་མས་ཀྱི་རྐེ་སྤུས་ད་དུང་འདང་བའི་ངེས་པར་མེད་པས། འབྲོག་སྡེ་ཆེན་པོའི་ལུག་ཁྱུ་ལས་ཐོན་རྫས་འཚོལ་སྡུད་བྱེད་དགོས་པ་ཡིན་ལ། རྩེད་ཐེར་བཟོ་བྱེད་ཀྱི་རྒྱུ་ཆ་དེ་ལུག་གི་རྐེ་སྤུ་མ་གཏོགས་ལུག་གི་ལུས་པོའི་སྟེང་སྐྱེས་ཚད་ཀྱི་བལ་རྒྱུ་བེད་སྤྱོད་བྱེད་མི་ཐུབ་པ་ཅི་ཡིན་སྙམ་ན།  གོང་དུ་ཕྱོགས་ཙམ་ཞུས་པ་ལྟར། ལུག་གི་ལུས་པོའི་སྟེང་གི་སྤུ་དེ་ལ་སྤུས་ཚད་བཟང་ཞན་ཡོད་པས་རྐེ་སྤུ་ནི་བལ་རྒྱུ་གཞན་ལས་ཀྱང་ཕྲ་ཞིང་རིང་བ་དང་ཤིན་ཏུ་འཇམ་ཞིང་། ཆད་སླ་བ་སོགས་སྣ་ཐུང་མ་ཡིན་པར་འོད་མདངས་ཡོད་པའི་བལ་རྒྱུ་གཞན་གྱི་སྐུད་པ་དང་བསྡུར་ན་ཆད་དཀའ་བའི་རང་བཞིན་དང་ལྡན་པ་ཞིག་ཡིན། གཞན་ཡང་ལས་ཀའི་གོ་རིམ་ཞུགས་པའི་ཚེ་ཕན་ཚུན་བལ་རྒྱུ་འཛིངས་པ་རྣམས་བསེད་སླ་བའི་བཟང་ཆ་ཡོད་ལ། འཕང་དང་མཐེབ་སྐོར་སོགས་ལས་འཁེལ་བའི་ཚེ་སྣ་རིང་བ་དང་སྤུན་རྒྱུ་བཟང་བས་ཇི་ལྟར་ཕྲ་ཡང་ཆད་དཀའ་བ།  ཐག་བྲན་པའི་ཚེ་སྐུད་པ་ཕྲ་ཡང་ཆད་དོགས་མི་དགོས་པ་དང་།  སྣོན་དང་འབྲེལ་ཏེ་ཐག་ཁྲིའི་རྐང་གདན་གྱིས་ཤུགས་ལ་བརྟེན་ནས་སྟེང་འོག་རྗེས་ཏེ་བཏགས་མས་ཇི་ལྟར་འཐག་བརྡུང་བྱས་ཀྱང་ཆད་མི་ཐུབ་པ་མ་ཟད་དེ་ལས་ཀྱང་ཞིབ་ཚགས་དམ་ཞིང་སྣམ་བུའི་སྤུས་ཚད་ལྷག་ཏུ་བཟང་བར་མངོན་པའི་ཁྱད་ཆོས་ལྡན་པར་ཡིན།   དེ་ལྟ་བུའི་རྒྱུ་ཆ་འཚོལ་བསྡུད་དཀའ་ཞིང་དཀོན་པ་དང་།  དར་སྐུད་ལྟར་སྐུད་པ་ཧ་ཅང་ཕྲ་ཞིང་ཕྲ་བ་འཁེལ་དགོས་པས་ཕུལ་བྱུང་ཁྱད་ལས་ལག་རྩལ།  ཞིབ་ཚགས་ཆེ་བ་རྣམས་དེང་སང་རྒྱ་ཡིས་འཕྲུལ་ཆས་འཐག་བཟོ་ལས་ཐོན་པའི་ཧ་ཅང་སྲབ་པའི་རས་དང་ཁྱད་པར་མེད་ཅེས་ང་རང་གིས་དངོས་ཐོག་བདེན་འཚོལ་ལས་བྱུང་བའི་སྤོབས་པ་ཆེན་པོའི་བཤད་ཕོད་ཡོད། ཤིན་ཏུ་ཉག་ཕྲ་བའི་སྤུན་རྒྱུ་དེ་ལ་བརྟེན་ནས་ཐག་མཁན་གྱིས་གོན་པ་གཅིག་འདང་ངེས་པའི་སྣམ་བུ་ལ་ལོ་ཟླ་མང་པོ་རྒྱུད་ནས་བཏགས་དགོས་པ་སོགས་གནའ་བོའི་དམངས་ཁྲོད་གཏམ་རྒྱུད་དུ་ཡོངས་གྲགས་ཡིན་ནོ།།

བཞི་པ། རྩེར་སོན་གྱི་རྣམ་དཔྱོད་དང་ཁྱད་ལས་ཀྱི་ལག་རྩལ།

    སྐབས་དེར་མི་རིགས་འདིའི་བསམ་བློའི་གོ་རྟོགས་དང་དཔྱོད་ཤེས་རིག་པ་གཅིག་ཏུ་སྡེབ་ནས་ཕྱོགས་གང་ཐད་ནས་ཡར་ཐོན་བྱུང་ཡོད་པ་ཆེད་ལས་འདི་དང་གཞན་ལ་བརྟག་ན་མངོན་གསལ་དོད་པོ་ཡིན་ལ། ཁྱད་པར་དུ་དམངས་ཁྲོད་དུ་འཐག་བཟོའི་ལག་རྩལ་གྱི་ཐོན་ལས་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་ས་གནས་སོ་སོའི་ཐེར་མའི་རིགས་མང་པོ་བཟོ་བསྐྲུན་བྱས་ཡོད་པར་ཚོད་དཔག་བྱེད་ཐུབ་ལ།   གཙང་གི་ས་ཆ་ནས་ཐོན་པའི་ཐེར་མའི་རིགས་ལ་གཙང་ཐེར་ཞེས་གྲགས་པ་དང་།  དབུས་ནས་ཐོན་པའི་ཐོན་ལས་ལག་རྩལ་གྱི་ཐེར་མའི་རིགས་ལ་དབུས་ཐེར་ཞེས་འབོད།   ཐེར་མ་འདི་གཉིས་རྩེད་ཐེར་དང་བསྡུར་ན་ཞན་ཆ་ཧ་ཅང་ཆེ་བས།  གཅིག་ནི་བལ་རྒྱུ་བཟང་ཞན་དང་། གཉིས་ནི་འཐག་བཟོའི་ལག་རྩལ་དང་སྐུད་པ་ཕྲ་སྦམ་ལ་བརྟེན་ནས་སྲབ་མཐུག་གི་ཁྱད་པར་བྱུང་བ། གསུམ་ན་རྒྱུ་སྤུས་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་མི་འདྲ་བའི་ཞན་ཆ་ཡོད་པས། གནའ་བོའི་སེར་མོ་བ་རྣམས་ཀྱིས་བླ་གོས་རྙིང་པ་གཟན་ཤམ་སོགས་ལ་བརྟག་ན་ཤེས་ཐུབ། དུས་རིམ་དེའི་ནང་དུ་མི་རིགས་འདིའི་ཆེད་ལས་ལག་རྩལ་དང་འབྲེལ་བའི་དམངས་ཁྲོད་དུ་དར་རྒྱས་ཕྱིན་པའི་ཕུལ་བྱུང་རིག་གནས་ཀྱི་ཁྱད་ཆོས་གསར་པ་ཞིག་གོ་རྟོགས་ཕྱིན་ཡོད་པའི་དཔང་རྟགས་མངོན་ཡོད། སྤུན་དང་ཁོག་སོགས་བལ་སྐུད་ཀྱི་རྐྱ་རེ་རེ་ལ་བརྟག་ན་རང་རྐྱ་ཐོན་པའི་སྤུ་ཉག་འབའ་ཞིག་གཤིབ་སྟེ་འཁེལ་བའི་ལག་རྩལ་རྒྱུད་ནས་ཐོན་ལས་གསོག་འཇོག་བྱས་པའི་ལག་རྗེས་མངོན་ཡོད་པ་དང་།  རྣམ་རིག་སྲང་ལ་གཞལ་བའི་འཇལ་ཚད་དང་བསྟུན་པའི་རིག་པའི་གསང་ལམ་རྒྱུད་དེ། ཕྲ་བའི་ཤེས་བྱ་འཚོལ་རྙེད་བྱུང་ཡོད་པའི་མཛད་རྗེས་མི་རིགས་དང་འཛམ་གླིང་གི་མིག་རྒྱན་དུ་འཇོག་ཡོད་པ་ཡིན་ལ།  སྙིང་སྟོབས་དང་བློ་གྲོས་ཟུང་དུ་སྡེབ་པའི་རྩེར་སོན་གྱི་ལག་རྩལ་ལས་ལོ་ཟླའི་ཁོར་མོར་རྒྱུད་པའི་གནའ་བོའི་ལག་རྩལ་ལ་གསོན་ཤུགས་སྣོན་ཞིང་བརྒྱུད་སྤེལ་དང་དོ་སྣང་བྱེད་པར་ཅིས་ཀྱང་གལ་ཆེ་བའི་གནས་སུ་གྱུར་ཡོད།

ལྔ་པ། སྤུས་ཚད་མཐོ་བའི་ཐོན་རྫས་ཀྱི་ཁྱད་ཆོས།

    སྤུས་ཚད་ཀྱི་སྒོ་ནས་རྩེད་ཐེར་ཀྱི་ཐོན་རྫས་དང་ཁྱད་ཆོས་དེ་མཐར་གཏུགས་ནས་བཤད་ན་རྣམ་དཔྱོད་དང་ལག་རྩལ་མཉམ་འདྲེས་སུ་རྒྱུད་པའི་དམངས་སྲོལ་རིག་གནས་ཀྱི་ཕུལ་བྱུང་གྲུབ་ཆ་ཞིག་གི་སྡོམ་ཚིག་བཀོད་ཡོད་པ་ཡིན་ལ།  དེ་ནི་གནའ་བོའི་རྣམ་རིག་གསར་དུ་སད་པའི་མི་རིགས་འདིའི་ཕྲ་ཤེས་ཆེར་མཐོང་གིས་ཤའི་མིག་ལམ་དུ་མཛེས་སྡུག་གི་མེ་ཏོག་མ་རྙིང་པ་ཞིག་སྙིང་ཁམས་སུ་བཞད་ཐུབ་པའི་རྒྱལ་ཁའི་གྲུབ་འབྲལ་ཆེས་ཆེ་བ་ཞིག་ཡིན་ལ།  དེ་ཡང་སྣམ་བུ་རེ་ལ་ཡང་ལོ་ཟླས་སྒྲུབ་པའི་ལོ་རྒྱུས་གི་ཆུ་རྒྱུན་དེ་རིག་གནས་ཀྱི་རྒྱ་མཚོ་ཆེན་པོ་གཅིག་ཏུ་འདྲེན་ནས་མིང་གྲགས་ཐོབ་པའི་ཤུལ་བཞག་རིག་དངོས་ཤིག་གི་ཡང་རྩེར་སོན་པའི་སྤུས་ཚད་ལྡན་པ་དང་།   གནའ་བོའི་མི་རིགས་དེ་ཚོའི་དུས་ཡུན་རིང་པོའི་དཀའ་ཚེགས་ལ་མགོ་བོ་མ་སྒུར་བར། ལོ་ཟླས་སྲིང་བའི་ཚེ་སྲོག་གི་རྒྱུན་དང་གདོང་གཏུགས་པའི་ལས་གཞི་ལ་སྤྲོ་བས་དྲངས་པའི་བརྩོན་འགྲུས་ཀྱིས་བརྡར་ཤ་ཆོད་པའི་མཛེས་ཉམས་དང་འཛུམ་མདངས་མ་ཡལ་བར་གློ་བ་ཉེ་བའི་གྲོགས་དང་མཐུན་ཞིང་ལས་ལ་དགྱེས་པ་དེ་ཡང་སྙིང་སྟོབས་གི་གོ་ཆ་བརྟན་པོར་བགོས་ཤིང་ཐོན་ལས་ལ་ཞིབ་ཚགས་དང་སྤུས་ཚད་ཆེ་བའི་རྟགས་སུ་མཐོང་ཐུབ།   གཞན་ཡང་ཐོན་ལས་ཀྱི་སྤུས་ཚད་དང་རིན་ཐང་ནི་དུས་ཚོད་རིང་པོས་སྒྲུབ་པའི་གྲུབ་འབྲས་ལ་གདིང་འཇོག་བྱེད་དགོས་པ་ཡིན་ལ།  སྤྱི་བཏང་གནའ་མི་དེ་ཚོའི་སེམས་ཁམས་གུ་ཡངས་ཤིང་ལས་ཀ་མཇུག་མ་རྫོགས་བར་དུ་ཞིབ་ཚགས་རྒྱུན་འཇག་གིས་རྒྱུན་བསྲིང་ནས་གྲུབ་འབྲས་བཟང་པོ་ལ་ཡིད་སྨོན་གྱི་དྲན་པ་གསོ་བའི་མི་རིགས་ཤིག་ཡིན་པ་བདེན་དཔང་བྱེད་ཐུབ།  གནའ་བོའི་རྩེད་ཐེར་རྩེ་གྲ་དེ་ཚོ་བཟོ་སྐབས་ཐོག་མར་བལ་བསེད་པ་ནས་བར་དུ་འཁེལ་བ་དང་ཐ་མ་འཐག་པ་སོགས་ལས་གཞི་འདིའི་ཐོག་མཐའ་བར་གསུམ་དང་འབྲེལ་བ་ཤིན་ཏུ་ཆེ་བ་མ་ཟད། ཁྱད་པར་དུ་རྣམ་པའི་ཆ་ནས་ཐེར་མ་གཞན་དང་མི་འདྲ་བའི་ཐོན་རྫས་ཀྱི་སྤུས་ཚད་ལ་བརྟེན་ནས། ངོ་བོའི་སྒོ་ནས་ཐོན་རྫས་ལ་རིན་གོང་འཇལ་ཚད་ཀྱི་རིན་ཐང་ལྡབ་འགྱུར་དུ་འཕར་འགྲོ་བ་ནི་ཟློག་ཏུ་མེད་པའི་ཚོང་ལས་ཀྱི་ཁྱད་ཆོས་ཡིན་ལ།  ཐེར་མ་གཞན་ལས་ཁྱད་པར་དུ་འཕགས་པར་ལུག་གི་སྐེ་སྤུ་དྭངས་མས་བཟོས་པའི་བལ་རྒྱུ་གཞན་ལས་སྤུས་ཚད་བཟང་བའི་ཁྱད་ཆོས་དང་།  ཤིན་ཏུ་ཕྲ་བའི་སྐུད་པ་འཁེལ་བའི་ལག་རྩལ་བཟང་པོ་ཡོད་དགོས་པ།  ཐག་མཁན་གྱིས་བཏགས་བཟོའི་ལག་རྩལ་རྩེར་སོན་ལས་འཐག་རྒྱུ་དམ་ཚགས་ཆེ་བའི་རྒྱུ་སྤུས་ཡོད་དགོས།  སྣམ་བུའི་ངོས་སུ་ཟིང་པའི་སྤུ་རྣམས་མེ་ཆུང་ངུའི་སྤྱི་ཁོག་ལ་གནོད་འཚེ་མེད་པར་བསྲེག་པའི་ཉམས་མྱོངས་ཞིབ་ཕྲ་ཡོད་དགོས།  དེ་ནས་སྣམ་བུ་དེ་དུས་ཚོད་ལྔ་དང་དྲུག་གི་བར་དྲོད་ཚད་ཆུང་ངུའི་ཆུ་ལ་སྦང་ནས་དེ་རྗེས་ཆུ་ལ་འཁྲུད་ནས་རྡུལ་དང་དྲི་མ་གཙང་སེལ་བྱེད་དགོས།  དེ་ནས་སྣམ་བུ་དྲིལ་ནས་རྡོ་སོགས་ལྗིད་ཚད་ཅན་གྱིས་མནན་ཏེ་ཉིན་ཤས་འཇོག་དགོས་པའི་མན་ངག་ཤེས་དགོས།   དེ་རྗེས་གཞི་ནས་ཚོས་མདོག་བསྒྱུར་ཏེ་གྲིབ་སྐམ་བྱས་ནས་ཉིན་ཁ་ཤས་འཇོག་དགོས་པ་སོགས་ཀྱི་ལག་ལེན་དང་ཉམས་མྱོངས་ལྡན་དགོས། སྣམ་བུ་འཚོད་བྱེད་ཀྱི་ཚོས་དེ་ལའང་རྒྱ་སྐག་དང་ཞུ་མཁན་ཨ་རུ་ར་སོགས་སྨན་གྱི་རིགས་ཡིན་པར་ལག་ལེན་དངོས་པོའི་ཐོག་ཤེས་དགོས། རིན་ཐང་དང་སྤུས་ཚད་བཟང་ཞན་ལྟ་བ་ནི་ཤིན་ཏུ་སྲབ་པའི་ཁྱད་ཆོས་དང་།  ཞིབ་ཚགས་ལྡན་ཞིང་འོད་མདངས་ཆགས་པ་སོགས་ཀྱི་ཁྱད་ཆོས་དུ་མས་ཕྱུག་པ་ཞིག་ཡིན།  དེ་ལྟར་སྤུས་ཚད་ལྡན་པའི་སྣམ་བུ་དེ་རང་གཞན་གཉིས་ཀའི་འདོད་བློ་དང་མཐུན་པའི་ཡིད་བཞིན་གྱི་ནོར་བུ་ངོ་མ་དེ་ཡིན།   རིན་ཐང་ནི་རྒྱུ་སྤུས་ཀྱི་ཚད་གཞིའི་ངོས་ནས་ཁ་གྲག་ཡོང་བ་ཞིག་ཡིན་དགོས་པས་གནའ་བོའི་རྩེད་ཐེར་རྩེ་གྲ་དེ་ཚོ་ཤུལ་བཞག་དང་རིག་དངོས་གཉིས་ཀའི་ཕྱོགས་རིན་ཐང་ཀྱིས་ངོས་ནས་ཟད་སྐྱོན་མེད་པའི་བླ་གོས་ཀྱི་འཇལ་ཚད་དང་བསྡུར་ན་ད་ལྟའི་ཤོག་སྒོར་ཁྲི་ལྔ་ཡན་ནས་བཅུ་མན་ཆད་ཀྱི་རིན་ཐང་ལྡན་ཞེས་བརྗོད་ན་ངོ་མནང་མི་དགོས་པ་ཞིག་འདུག་སྙམ།