ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
སྤེལ་དུས།: ༡༩༧༠ ལོའི་ཟླ་ ༡ ཚེས་ ༡

ནོར་འཛིན་སྒེག་མོའི་གསེར་མདོག་གི་ལང་ཚོ་གསར་པའི་དུས་ཀྱི་ཟློས་གར་རྩེན་པའི་གོམ་སྟབས་སུ་བསྒྱུར་ཞིང་། གྲང་ཞུན་གྱི་བསིལ་ཟེར་དྭངས་གཙང་གི་མཁའ་དབུགས་དང་ལྷན་དུ་འགྲོགས་པའི་ནམ་ཟླའི་འགྱུར་ཁུག་དང་བསྟུན་པའི་མཁའ་དབྱིངས་བནྜུརྱ་ཡི་མེ་ལོང་ལས། བ་དན་དཀར་པོའི་ཆུ་འཛིན་གྱི་དོ་ཤལ་དྲི་བཞོན་གྱིས་བསྐུལ་པའི་ཁ་བའི་འདབ་མས་རི་ཀླུང་དངུལ་དཀར་གྱི་ཁ་དོག་ཏུ་བསྒྱུར་ཞིང། མཐོ་སྒང་ཞིང་འབྲོག་མི་དམངས་ཡོངས་ལ་དགུན་དུས་ཀྱི་ནམ་ཟླའི་དུས་བབ་དང་བསྟུན་པའི་ཡིད་ཀྱི་དང་བ་འདྲེན་པའི་དལ་འགྲོ་གཙང་ཆབ་སྔོན་མོ་ཤེལ་དཀར་ཀྱི་སྦུབས་སུ་ཐུམ་པའི། ལྷུང་ལྷུང་ཅོ་གའི་དྲུག་འགྱུར་དང་ལྷན་དུ་ཇུས་བཟང་དབྱངས་ཀྱི་འགྱུར་ཁུག་ཐོས་འཛིན་གསེར་གྱི་པདྨོའི་འདབ་རྒྱ་གྲོལ་པའི་དཔལ་དུ་སིམ་ཞིང་། དཔྱིད་གསུམ་དྲི་བཞོན་གྱིས་དྲངས་ཤིང་བསུང་ཞིམ་ཐུལ་བའི་སྤོས་དྲི་དང་ལྷན་དུ་འགྲོགས་པའི་སྐྱེ་དངོས་གྱི་ཚེ་སྲོག་ལ་གསོན་ཤུགས་བརྟས་པའི་མོན་གྱི་བུ་མོའི་མགྲིན་དབྱངས་ལ་རམ་འདེགས་ཀྱི་གདངས་སུ་གྱེར་བ། དབྱར་གསུམ་ནེའུ་གསེང་གཡུ་ཡི་མེ་ལོང་ལས་མེ་ཏོག་གི་ཚོམ་བུ་བཀྲ་བའི་སྤང་ལྗོངས་ཡངས་པའི་སྟེང་དུ་དཀར་གསུམ་ཟས་ཀྱི་འཚོ་བ་ལ་དགྱེས་པར་རོལ་བ། སྟོན་གསུམ་འབྲུ་དྲུག་ཀྱི་སྙེ་མ་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་ཡིད་འོང་འབྲས་བུའི་ཁུར་གྱིས་དུབ་པའི་ལྗོན་ཤིང་གི་ཡལ་ག་རབ་ཏུ་རྒྱས་པ། སྨུག་ནག་སྦྲ་གུར་གྲུ་བཞིའི་འབྲོག་ཁྱིམ་དུ་ཉིན་མཚན་གོལ་བའི་གློག་ཞུན་གྱི་གཟི་འོད་ལྷམ་མེར་འཕྲོ་ཞིང་འབྲོག་པ་ཚོས་ཤ་མར་ཐུད་གསུམ་གྱི་འཚོ་བཅུད་ལ་དགྱེས་པར་རོལ་ཞིང་རྟ་ནོར་ལུག་གསུམ་གྱི་ཕྱུགས་རའི་འཕེལ་ཁ་རྒྱས་པ། མཐོ་བརྩེགས་བ་གམ་ཡངས་པའི་ཁྱིམ་གཞིས་ལས་འཚོ་སྡོད་ཀྱི་ཞིང་པ་ཚོས་མར་ཕྱུར་དང་ལྷན་དུ་བརྫིས་པའི་སྦྲང་དཀར་གྱི་རྩམ་པའི་རྩི་བཅུད་འཚོ་པའི་འཕྲོད་བསྟེན་ལ་ལོངས་སུ་སྤྱོད་ཅིང་། འབྲུ་གསུམ་བསྙལ་ཞིང་ཕབ་ཀྱི་དྲི་ངད་ལྡན་པའི་ཞིམ་མངར་དགུན་ཆང་སྔོན་མོ་བཏུང་ཞིང་རྩེ་དགའ་རོལ་བ། མདོར་ན་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་འཚོ་བར་ཇི་དགར་ལོངས་སུ་སྤྱོད་པའི་ཞིང་འབྲོག་མི་དམངས་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་བསམ་པའི་འདོད་དོན་གེགས་མེད་ལྷུན་གྱིས་གྲུབ་པའོ།།