༄༅།།གེ་སར་གྱིས་བླངས་པའི་གླུ།

ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༡

གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
   སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །
   རྗེ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
   གླིང་སྐྱེས་བུའི་བློ་ཡི་རྫི་བོ་མཛོད། །
   མ་ནེ་ནེ་གཡུ་ཡི་སྒྲོལ་མ་ལགས། །
   འགག་ཚ་གླིང་གི་གེ་སར་ལ། །
   འདས་མ་འོངས་ལུང་བསྟན་ཡོད་ཆགས་བྱས། །
   གལ་ཆེན་ཨ་ནེ་རྫུན་མ་རེད། །
   འགག་གཏུགས་ན་ཆོས་སྐྱོང་ཁྲམ་པ་རེད། །
   དུས་ད་ལོ་ག་ལ་སོང་ལེ་རེད། །
   འཛམ་གླིང་ནོར་བུ་དགྲ་འདུལ་ང་། །
   མ་བཞག་ཡར་ཁམས་བྱང་ལ་བརྫངས། །
   ཞག་མ་དགུ་བཅུ་གོ་དགུའི་ནུབ། །
   བདུད་ཀླུ་བཙན་ཐོད་མདའ་འཕྲོད་ངེས་བྱས། །
   དེ་རིང་ཉི་མ་ཡན་ཆད་ལ། །
   ལོ་ངོ་ལྔ་ལ་བཅར་ནས་གདའ། །
   ལྷ་ཕྲུག་མོན་ཆུང་དཀར་པོ་ང་། །
   མུན་ནག་པོའི་དཀྱིལ་ལ་བསྐྱུར་ནས་བཞག །
   ཁྲ་བོ་གླིང་གི་ལྷ་སྡེ་དེ། །
   ཧོར་སེར་པོའི་ནོམ་ལ་སྤྲད་ནས་བཞག །
   ལྷ་གོང་མ་གང་ལ་བྲོས་ལེ་རེད། །
   ད་རུང་དེ་ཡིས་མི་ཚད་པའི། །
   འཕུང་མོ་ཁྲོམ་ཤོག་མེ་བཟའ་མས། །
   བཟའ་བཏུང་བརྒྱུད་ནས་མུན་ཆུ་དྲངས། །
   ཅི་བྱས་སེམས་ལ་མ་དྲན་དོ། །
   ལས་འདི་མུས་ངང་ལ་བཞག་པས་ན། །
   གླིང་སྐྱེས་བུའི་འགྲོ་དོན་ཡོང་ལེ་མེད། །
   བོད་དབུ་ནག་འདུག་ཇུས་མ་བསམས་ན། །
   གང་འགྲོ་རང་དབང་ང་རང་ཆེ། །
   དག་པ་ལྷ་ལ་མི་འཕུར་རི། །
   ལྷོ་རྒྱལ་འཛམ་གླིང་ས་ཆ་འདི། །
   བདུད་ནག་པོས་ཁྱེར་ན་བདུད་ལུང་གྱིས། །
   ཧོར་སེར་པོས་ཁྱེར་ན་ཧོར་ལུང་གྱིས། །
   ཅི་དགའ་སྟེང་ན་གང་དགའ་གྱིས། །
   དེ་ནས་འཕུང་མོ་ཁྲོམ་ཤོག་མ། །
   གནའ་མི་བོད་ཀྱི་གཏམ་དཔེ་ལ། །
   སྡེ་ཁྲ་བོ་དཀྲུགས་ན་བན་དེ་སྡུག །
   ཆོས་གོས་ཕག་ནས་དུག་མདའ་འཕེན། །
   བློ་གཏད་ཚད་མི་རྣམས་ཁྲག་ལ་སྦྲེལ། །
   དུས་མཐའ་མའི་བླ་མ་ཕལ་ཆེར་རེད། །
   གྱོད་ནག་པོ་གཡོས་ན་མོ་སྨན་བཙོག །
   ཁ་འཇམ་རྒྱུད་ནས་ཞེ་རྩུབ་སློང་། །
   མདུན་མནའ་ས་ཐལ་བ་རི་ཀླུང་བསྐུར། །
   རྒྱབ་ཕ་མིང་བདུན་བརྒྱུད་རྩད་ནས་གཅོད། །
   ཉེ་དཔྱད་འཕུང་མོ་ཁྱོད་རང་ཡིན། །
   རིང་དཔྱད་དུས་མཐའི་ནག་མོ་ཚོ། །
   ཀླུ་བཙན་ཆམ་ལ་ཕབ་ན་ཡང་། །
   ཁྱོད་འཕུང་མོ་བཞག་ལེ་མ་ཉན་གདའ། །
   ངས་བསད་གྲི་འོག་ལ་མ་དྲངས་པ། །
   གེ་སར་དམུ་གབ་ཕོག་ལེ་རེད། །
   ང་དམུ་གབ་ཕོག་པའི་རྩ་བ་དེ། །
   འཕུང་མོ་མེ་བཟས་བྱས་ལེ་ཡིན། །
   གླིང་ས་མཐོང་བ་ཀུན་སྨོན་དེ། །
   ཕྱི་དཀར་པོ་ལྷ་ཡི་དཀྱིལ་འཁོར་འདྲ། །
   ནང་དཔའ་བརྟུལ་བཅུད་ཀྱི་བདུད་རྩི་འདྲ། །
   ད་ཁྲག་དམར་དཀྲུག་དཀྲུག་ཚར་ནས་གདའ། །
   ཤ་ཕུ་ནུ་སྟག་གཟིག་ཐང་གང་རྣམས། །
   དེ་དྲག་མགོ་སྐེ་ཤོར་ནས་གདའ། །
   ང་སྤྱི་ཆོས་བདུད་ལ་འཁྱམས་རིང་ནས། །
   སྒེར་ཇུས་ལྷ་གཞིས་གདན་དང་བྲལ། །
   གྱོད་ནག་པོ་རྩ་བ་ཁྱོད་ལ་ཐུག །
   ཉི་མ་དེ་རིང་ཕན་ཆད་ལ། །
   ཁྱིམ་བཟའ་ཚང་བྱེད་པ་ཕར་ལ་ཞོག །
   ང་ཁྲ་བོ་གླིང་ལ་མ་སླེབས་བར། །
   ཟས་ཁམ་ཅིག་མི་ཟ་དཀོན་མཆོག་དཔང་། །
   སྐོམ་ཆུ་ཐིགས་མི་འཐུང་དཀོན་མཆོག་དཔང་། །
   ངས་མནའ་སྟེང་སེམས་ཀྱིས་མ་ནོན་ན། །
   ཚེ་འདི་ཕྱི་གཉིས་ཕུང་རྩ་བ་ཡིན། །
   འདི་མེད་འཕུང་མོ་ཁྱོད་ལ་ཐུག །
   ཕྱི་མེད་བྱས་ན་གེ་སར་མིན། །
   དེ་ནས་ཁྲུང་ཁྲུང་དཀར་མོ་གསུམ། །
   བདེན་ངེས་པ་གླིང་དཀར་ལྷ་སྡེ་རེད། །
   དེ་སྟེ་ཀླུ་བཙན་ཐུལ་ན་ཡང་། །
   བདུད་སྡེ་ཆོས་ལ་མ་འགྱུར་གདའ། །
   ཁ་གནོན་མཆོད་རྟེན་མ་བཞེངས་གདའ། །
   གེ་སར་རྒྱལ་པོའི་བྱ་བ་འདི། །
   འགྲུབ་འགྲུབ་འདྲ་ལ་མ་གྲུབ་མང་། །
   ང་ལ་མོ་འགྲོ་རྒྱུ་ག་ལ་ཡོད། །
   གླིང་ལྷ་སྡེ་ཡུད་ཙམ་ཤོར་ན་ཡང་། །
   ནམ་ཕུགས་རང་ནོར་རང་བདག་ཡིན། །
   ཞལ་ལུ་གླིང་ལ་མ་དབང་ཡང་། །
   དག་པའི་དབྱིངས་ལ་འཕོ་ནས་འགྲོ། །
   རང་ཇུས་རྒོད་རྒོད་ཐུབ་ན་ཡང་། །
   སྤྱི་ཇུས་འགྲོ་དོན་ཤོར་བ་ན། །
   གེ་སར་བྱ་བ་དོན་མེད་རེད། །
   དུང་དཀར་པོ་འབྲི་ཞོ་འོ་མས་གསོ། །
   དགྲ་ཆུ་སྲིན་སྟེང་ལ་ཨེ་ཕན་བསམས། །
   གླིང་སྐྱེས་བུ་གོང་མ་ལྷ་ནས་བཀོད། །
   བདུད་ཀླུ་བཙན་རྩ་བ་ཨེ་ཆོད་བསམས། །
   བདུད་ལུང་ཆོ་ལ་མ་བཀོད་ན། །
   ཀླུ་བཙན་ཐུལ་བས་ཅི་ལ་ཕན། །
   སྐྱེས་བུའི་བྱ་བ་སྟོང་བ་རེད། །
   གླིང་དཀར་པོ་ཇུས་རྩ་ཤོར་ན་ཡང་། །
   བདུད་མཁར་ས་ལ་མ་ཕབ་པར། །
   ང་སྐྱེས་བུ་ཕྱིན་ཐབས་མི་གདའ་ལགས། །
   བརྒྱ་ལ་ཡོང་དགོས་ཤར་ན་ཡང་། །
   ལྷ་གོང་མའི་མདུན་ནས་དགོངས་པ་ཞུ། །
   བཀའ་བཀྱོན་འགལ་ཉམས་མ་སྲིད་ན།།
   ང་སྐྱེས་བུ་བདུད་ལ་བཞུགས་འདོད་མེད། །
   གནའ་མི་བོད་ཀྱི་གཏམ་དཔེ་ལ། །
   ནམ་མཁའི་སྐྱ་རེངས་མི་ཤར་རྒྱུ། །
   ཁྲི་གདུགས་འོད་ཀྱི་རྒྱབ་ནས་དེད། །
   དོག་མོ་ས་ཆུ་མི་དྲོས་རྒྱུ། །
   འབྱུང་བའི་ཤུགས་ཀྱིས་རྒྱབ་ནས་དེད། །
   ང་སྐྱེས་བུ་བདུད་ལ་མི་བཞུགས་རྒྱུ། །
   གོང་མ་ལྷ་ནས་བཀའ་བསྒོ་ཕོག །
   གོ་ཨེ་བྱུང་ལྷ་བྱ་ཁྲུང་ཁྲུང་གསུམ། །
   ཕ་ཡུལ་གླིང་དཀར་གྲུ་བཞི་གཅིག །
   ཕུ་བོ་རྒྱ་ཚ་ཞལ་དཀར་གཉིས། །
   ཇ་མཁར་ཕྱུག་མོའི་ནང་བཅུད་གསུམ། །
   ངས་རྒྱབ་ལ་བསྐྱུར་བ་མ་ཡིན་ཏེ། །
   ས་སྟེང་སེམས་ཅན་འདུག་ཇུས་གཅིག །
   ཆོས་ཤཱཀྱའི་བསྟན་པའི་རྩ་བ་གཉིས། །
   སྨོན་ལམ་ལོག་པའི་མགོ་གནོན་གསུམ། །
   གེ་སར་རྒྱལ་པོའི་ལས་སྐལ་རེད། །
   རང་དོན་ཐེད་ལ་བོར་བྱས་ནས། །
   གཞན་དོན་དང་དུ་ལེན་པ་འདི། །
   གླིང་སྐྱེས་བུའི་ཞེ་ཡི་དམ་བཅས་ཡིན། །
   ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །
   ཐར་བའི་ལམ་སྣ་ཟིན་པ་ན། །
   ང་ལྷ་ཕྲུག་དམྱལ་ཁམས་བཅོ་བརྒྱད་དུ། །
   ཚེ་སྡོད་བྱུང་ཡང་འགྱོད་པ་མེད། །
   གོ་ན་རྣ་བའི་བདུད་རྩི་ལ། །
   མ་གོ་གླུ་ཡི་འགྲེལ་བ་ཞུ། །
   བྱ་ཁྲུང་ཁྲུང་གསུམ་གྱི་ཡིད་ལ་ཞོག །