༄༅། །གབ་ཚིག

ཡོང་ཁུངས། ངེད་དྲ་བ།
མི་གསལ།
སྤེལ་དུས།: ༢༠༡༥ ལོའི་ཟླ་ ༦ ཚེས་ ༢༤

རི་གསུམ་མགོ་ལ་བྱ་ཞིག་བབས།།

བྱ་དེའི་ཁོག་པ་བྱུ་རུས་གང་།།   《སླ་ངའི་ནང་དུ་གྲོ་མ་བཙོས་པ 》

སྐྱ་ཀ་ཁྲ་མོ་ཁུང་དུ་འཛུལ་མ༎

རྔ་མདའ་ལེབ་མོས་སྒོ་གཅོད་མ།།  《མིག 》

སྔོན་པོ་ཐང་གི་ཐང་དཀྱིལ་ན།།

གསེར་གྱི་ཟོར་བ་ཡུ་མེད་ཅིག།   《 ཟླ་བ། 》

ཟས་དཀར་པོ་ནང་གི་ཟས་ཞེམ་པོ།།  《རྐང་།》

མི་གཅིག་སྐེ་རགས་བརྒྱ་ཡིས་བཏགས།།  《དར་ལྕོག 》

མི་བརྒྱས་སྐ་རགས་གཅིག་བཅིངས།།《སྡུད་མ》

ཟ་ཡས་རྩྭ་དང་འཇོ་ཡས་ནོར།།

ནོར་དེས་མི་ལ་འཚོ་བཅུད་སྦྱིན།།

ཚང་མས་ནོར་དེར་དགའ་པོ་བྱེད།།

སྦྱིན་པོ་དེ་ནི་སུ་ཞིག་གམ།།《ནོར》

ཡ་མཚན་ཆེ་བའི་རྨོན་མཛོ་ཞིག།

གཟན་ཆག་མི་ཟ་གང་སར་རྒྱུག།

ཐག་པ་གཉའ་ཤིང་འདོགས་མི་དགོས།།

ལས་ཀ་བྱེད་སྐབས་ལྡིར་ལྡིར་སྒྲོག།《འདྲུད་འཐེན་འཁོར་ལོ》

ཆུ་ཡིས་མཐོང་ན་གཉེར་མ་འདུ།།

ལྗོན་པས་མཐོང་ན་མགོ་བོ་དཀྲུག།

པད་མས་མཐོང་ན་མགོ་བོ་སྒུར།།

སྤྲིན་པས་མཐོང་ན་གཡོལ་ནས་འགྲོ།《རླུང》

བློ་རིག་བཀྲ་མོ་ཆུང་ཆུང་ཞིག།

གཅིག་པུར་བཀོད་འདོམས་པུའུ་རུ་སྡོད།།

འགོག་སྒོ་ཕྱོགས་བཞིར་ཕྱེ་ནས་ནི།།

འཕུར་ནས་ཡོང་བའི་དཔོན་དམག་བཟུང་།།《འབུ་སྡོམ》