༄༅།།སྟོང་ཤོང་འབྲུག་སྒྲས་བླངས་པའི་གླུ།།

ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས།
སྤེལ་དུས།: ༢༠༢༤ ལོའི་ཟླ་ ༣ ཚེས་ ༤

    གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
   ཨ་ཡན་རྒྱལ་པོའི་དགྲ་ལྷ་མཆོད། །
   མ་ཡན་རྒྱལ་པོའི་ཟོ་དོར་མཆོད། །
   མགར་བའི་ཐེལ་མོ་རྐང་གཅིག་ཆོད། །
   ཤན་པའི་ལྕོག་ལྷ་མཚལ་རྩེ་མཆོད། །
   དལ་པའི་རིང་ནས་མཆོད་པ་རྣམས། །
   བྲེལ་བའི་མི་ལ་མགོན་སྐྱབས་མཛོད། །
   ས་འདིའི་ས་ངོ་མ་ཤེས་ན། །
   གཡག་ལ་སེར་བོའི་ཡང་སྟེང་རེད། །
   ང་དང་ང་ངོ་མ་ཤེས་ན། །
   འབུམ་དམག་དཔུང་བའི་གཞི་དཀྱིལ་ལ། །
   རུ་སྣེ་ཆུ་ཆེན་སྒྱུར་སྒྱུར་དང་། །
   རུ་རྟིང་གྲུ་གུ་སྒྲིལ་སྒྲིལ་ལ། །
   ཡ་མེད་སྟོང་ཤོང་འབྲུག་སྒྲ་ཡིན། །
   དཔུང་རྒོད་ངར་མའི་ཤེད་རྩེ་ལ། །
   བྲེ་སེར་མིན་པ་ཚད་མཁན་མེད། །
   རྐང་མགྱོགས་རླུང་གི་བང་ཡ་ལ། །
   བྱ་ཁྱུང་ཆེན་མིན་པ་འཕུར་མཁན་མེད། །
   བློ་དཔའ་རྒོད་སྙིང་གི་སྟོབས་ཚད་ལ། །
   སྟག་འཛུམ་དྲུག་མིན་པ་འཐབ་ཡ་མེད། །
   རྩལ་ཆེན་ལུས་ཀྱི་སྐྱེན་ཡ་ལ། །
   གླག་རོག་ནག་མིན་པ་ག་ན་ཡོད། །
   ཁོ་རེ་གླིང་གི་བུ་སྡུག་བཞི། །
   ཉོན་དང་གླུ་ལ་ནོར་ཡ་མེད། །
   གནའ་མི་བོད་ཀྱི་གཏམ་དཔེ་ལ། །
   བར་སྣང་སྟོང་བའི་འགྲིམ་ལམ་ན། །
   ཐང་དཀར་རྒོད་པོས་རྩལ་དྲུག་ངོམ། །
   གཤོག་སྒྲོ་ཅན་གྱི་མགོ་རྣ་བསམ། །
   ལུང་གསུམ་དམར་ལ་ཟ་འདོད་སྐྱེ། །
   དོག་མོའི་ཟུར་ན་ལྡེམ་སྒྲོ་ཤོར། །
   རྒོད་པོའི་འཕུར་རྩལ་ཤ་ལ་ཤོར། །
   རི་ཆེན་རྒྱུད་ཀྱི་འགྱིང་ཁུགས་ན། །
   ཕོ་ཆེན་ཤ་བའི་དུང་ར་ངོམ། །
   རྩྭ་གཟན་ཀུན་གྱི་མགོ་རྣ་བསམ། །
   སྒང་ཟུར་ཟས་ལ་འགྲིམ་འདོད་དེ། །
   རྔོན་ཆུང་ཟུར་ན་རྭ་ཅོ་ཤོར། །
   ཆུ་ཆེན་རྦ་ཡི་གཞི་ཀློང་ན། །
   ལྟོ་དཀར་ཉ་མོ་འགྱུར་འགྲོས་ངོམ། །
   གསེར་མིག་ཅན་གྱི་མགོ་རྣ་བསམ། །
   ཉི་མའི་འོད་ལ་ལྡེ་འདོད་སྐྱེ། །
   ལྕགས་ཀྱུའི་ཟུར་ན་སྲོག་དམར་སྐྱེལ། །
   གླིང་དཀར་ཕོ་རྒྱག་གཡས་ཟུར་ནས། །
   ཁྱོད་མི་བཞི་དཔུང་རྒོད་ཧོར་ལ་ངོམ། །
   སྨུག་པོ་ལྡོང་གི་མགོ་རྣ་བསམ། །
   ཤན་རྒོད་གདོང་ལ་བཅར་འདོད་དེས། །
   དེ་རིང་སྙིང་ཁྲག་ཐང་ལ་འཕོ། །
   འབྲོང་ཆུང་རྫ་ལམ་གཤགས་གཤགས་དེ། །
   དཀར་ཡག་གངས་ལ་འགྲོ་ས་མེད། །
   སྟག་ཕྲུག་ནགས་ལམ་གཤགས་གཤགས་དེ། །
   བྱང་ན་དམར་གཞུང་ལ་འགྲོ་ས་མེད། །
   ཉ་ཆུང་ཆུ་གཞུང་འགྱུར་འགྱུར་དེ། །
   བྱེ་མའི་ཐང་ལ་འགྲོ་ས་མེད། །
   མི་བཞི་དོག་མོའི་འགའ་བཅད་དེ། །
   ཐང་ཡངས་པོའི་དཀྱིལ་ལ་ག་ནས་འགྲོ། །
   ཡ་རྩེའི་རྒྱལ་བློན་འཁོར་བཅས་རྣམས། །
   ཐང་སྟོང་བའི་དཀྱིལ་ལ་སྲ་མཁར་བཟུང་། །
   བདེ་མོའི་གཞུང་ལ་རྩལ་དྲུག་སྦྱངས། །
   མང་པོའི་དཀྱིལ་ན་ངར་རྒོད་སྐྱེ། །
   ཨེ་རེད་རྗེས་ནས་ཤེས་རབས་ཡོད། །
   ལ་ཆེན་ཡིན་ལུགས་བཤད་པ་ན། །
   འབུམ་ཤོག་ཧོར་གྱི་དཔུང་བ་འདི། །
   གཉོམ་ཆུང་བྱས་ན་མཇུག་ནས་གཅོད། །
   རྒོད་རྒོད་བྱས་ན་མགོ་ནས་འཕུར། །
   སྒར་གྲུ་བཞི་བཏབ་ན་དཀྱིལ་ནས་གཤགས། །
   ལམ་སྐྱ་རིང་བཟུང་ན་བསྟར་ལ་བརྒྱུ། །
   དེ་བྱས་བརྙས་བཞག་འཁུར་རྒྱུ་མིན། །
   མི་བཞི་ཤི་ལ་མི་འཚེར་ན། །
   མ་སྡོད་ཚུར་འགྲམ་བཅར་ལ་ཤོག །
   རྟ་བཞི་རྒྱུག་ལ་མི་འཚེར་ན། །
   གནམ་ས་ཐལ་རྡུལ་བསླངས་ནས་རྒྱུགས། །
   ཕོ་དཔའ་བོ་ཡིན་ན་རྒོད་རྟགས་སྟོན། །
   ཝ་མོ་ཁྲབ་གྱོན་དགོས་པ་མེད། །
   འདོ་བ་ཡིན་ན་མགྱོགས་རྟགས་སྟོན། །
   རྩྭ་ཆུ་གཟན་པས་དགོས་པ་མེད། །
   སྐྱེན་པོ་ཡིན་ན་འཕེན་རྟགས་ཐོངས། །
   སྨྱུག་ཆུང་ཁ་ཤོ་དགོས་པ་མེད། །
   ངར་མ་ཡིན་ན་གཡུག་རྟགས་སྟོན། །
   འཐག་མཁན་འུ་ལུས་དགོས་པ་མེད། །
   ཨ་ཅང་ཁ་མཚར་གླུ་ཆུང་རེད། །
   ང་སྟོང་ཤོང་འབྲུག་སྒྲའི་ཁ་སྔོན་ན། །
   ང་རྒོད་བསམ་ཚོད་ཕར་ལ་ཞོག །
   ང་མགྱོགས་བསམ་ཚོད་ཆད་ཅིང་གདའ། །
   ང་རྣོ་བསམ་ཚོད་སོ་ཁ་རྡུགས། །
   ང་འགྲན་གཏམ་དེ་ཅི་ལ་དོ། །
   དེ་རིང་ཉི་མའི་སྔ་དྲོ་ནས། །
   ཁྱོད་མི་བཞི་མགོ་མེད་ཕུང་པོ་དེ། །
   བྱ་ཁྱིའི་གཟན་ལ་སྐྱུར་ངེས་ཡིན། །
   རྟ་བཞི་བདག་མེད་སྒ་སྟོང་རེད། །
   ཧོར་སེར་ནོམ་ལ་ལེན་ངེས་ཡིན། །
   ཁྲབ་རྨོག་འཁོར་གསུམ་ཆ་འགྲིག་བཞི། །
   ཨ་ཕོའི་དེ་བྱས་དཔའ་དར་རེད། །
   ཡིན་ཐག་ཆོད་ལག་པའི་མཐིལ་ན་ཡོད། །
   གསོན་གཏམ་གོ་བ་ད་ལྟ་ཡིན། །
   གསོན་མིག་མཐོང་བ་ད་ལྟ་ཡིན། །
   ཨ་བ་རེ་ལ་སྙིང་རེ་རྗེ། །
   རྒྱ་ཚ་ཉི་འབུམ་དར་འཕེན་གསུམ། །
   སྤུན་གསུམ་ཝ་རྒོད་སྟག་ལ་བརྫུས། །
   མི་བཞིའི་སྲོག་ལ་ཁེབས་ས་མེད། །
   འགོག་ཚ་གླིང་གི་གེ་སར་ཁོ། །
   འདས་མ་འོངས་ཐམས་ཅད་ཤེས་མཁན་ཟེར། །
   གླིང་དཀར་རྩ་མེད་མ་ཐོན་བར། །
   དོང་ནག་པོའི་ཞབས་ལ་གབ་ནས་བསྡད། །
   གཞིས་པ་བྱེས་པ་གཉིས་ཀ་དེ། །
   ཡི་མུག་མཆི་མ་མཉམ་ཤོར་རེད། །
   སྙིང་ཚིམ་གླིང་དཀར་དཔོན་བློན་ཚོ། །
   ད་རུང་འགའ་རེ་མཐོང་ནས་ཡོང་། །
   གོ་ན་རྣ་བའི་བདུད་རྩི་ལ། །
   མ་གོ་གླུ་ཡི་འགྲེལ་བ་ཞུ། །
   གླིང་སྡུག་ཡིད་ལ་དེ་འདྲ་ཞོག །
   ཅེས་གླུ་དེ་ལྟར་བླངས་སོ།།