༄༅།། གླིང་སྒྲུང་ལས་ཧོར་གྱི་མི་སྣ་ཆེ་ལོང་ཙམ་ངོ་སྤྲོད།
དེ་ཡང་གནམ་འཁོར་ལོ་རྩིབས་དགུའི་མར་གཤམ་ནས་ས་པདྨ་འདབ་བརྒྱད་ཀྱི་གདན་སྟེང་དུ་ཆེན་པོ་ཧོར་གྱི་ས་ཆ་ན་སྟོབས་ཀྱི་འཁོར་ལོའི་བསྒྱུར་བ་དང་མི་གཉིས་པའི་ཧོར་གྱི་རྒྱལ་རབས་ཞེ་བརྒྱད་གྲགས་པའི་ཐ་མར་ཧོར་རལ་ཆེན་ཐོ་ཐོག་རྒྱལ་པོ་ཞེས། མཚན་གྱི་བ་དན་སྲིད་ཞིའི་ཁྱོན་ཀུན་འགེངས་བར་བྱེད་ཅིང་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། སྟོབས་འབྱོར་མངའ་ཐང་དབྱར་མཚོ་ལྟར་རྒྱས་པ།
མཐོན་པོ་གཉའ་ནས་མནན་པའི་བློན་པོ་དང་པྰ་དུར་ཤན་པ་སོགས་ཀྱི་ལས་དམག་ཁྲི་ཁྲག་མང་པོ་ལ་དབང་བསྒྱུར་བྱེད་ཅིང་། ཕྱོགས་ཀྱི་རྒྱལ་ཁབ་སུས་ཀྱང་རྒོལ་མ་ནུས་པ་ཞིག་བྱུང་བར་གྲགས་ལ། སྟོད་མངའ་རིས་ནས་སྨད་རྒྱ་ནག་གི་བར་བརྐུ་ཇག་ཁྲམ་གསུམ་གྱིས་ཚོང་ལམ་གྱི་རྒྱུ་འགྲུལ་གཅོད་ཅིང་། མི་བསད་རྟ་བདོས་སོགས་མངོན་སྤྱོད་ཀྱི་ལས་ཁོ་ནས་དུས་འདའ་བར་བྱས་ཏེ་སྲིད་དབང་བསྒྱུར་བར་གྲགས། ཉིན་ཞིག་ལ་དྭགས་དང་མངའ་རིས་སྟོད་ཀྱི་ཚོང་དཔོན་མང་པོའི་རྟ་དྲེལ་སྟོང་གཉིས་ལ་གསེར་དངུལ་དང་ཇ་དར་སོགས་དངོས་ཟོང་རྣམས་བཀལ་ནས་ཨ་ཆེན་ན་བ་ཀྲ་ལེབ་འབྱོར་བ་དང་། ཧོར་ཨ་ཡན་ཇག་པ་མི་བདུན་གྱིས་བཅོམ་ནས་ཤན་པ་རྨེ་རུ་རྩེ་དང་། གླང་པོ་ཁྲག་འབར་ཆང་ལྷ་གསུམ་གྱིས་རུ་སྟེང་སྒྲིག་ནས་འགྲོ་བཞིན་པ་དང་། སྐབས་དེར་གླིང་གིས་ཇོ་རུ་རྨ་སྨད་དུ་གནས་དབྱུང་སྟེ་གཞིས་སྡོད་བྱས་ཡོད་པར་དང་ཁེལ་ནས། ཚོང་དཔོན་དེ་དག་ཧོར་གྱི་ཇག་པས་བཅོམ་པར་མཁྱེན་ནས་དེ་མ་ཐག་ཚོང་དཔོན་དེ་དག་ངུ་མཆི་ཐག་ཤར་རེ་འདུག་ཡོད་པའི་རྩར་བྱོན་ནས་ས་འདིར་ཇོ་རུ་རྒྱལ་པོའི་དབང་བསྒྱུར་བྱེད་པའི་གནས་ཡིན་པས། ཁྱེད་ཚོང་དཔོན་རྣམས་ངུ་འབོད་ཀྱི་ཆོ་ངེ་སྒྲོག་སའི་གནས་མ་ཡིན། ང་ཇོ་རྒྱལ་ལ་བཤགས་པ་དང་རྨ་སྤོམ་ར་ལ་མཆོད་འབུལ་མ་ཞུས་ན། ཁྱེད་ཚོང་དཔོན་རྣམས་གསོན་དུ་མི་གཏང་ཐག་ཆོད་ཡིན་ཞེས་བཤད་པས། ཚོང་དཔོན་དེ་དག་གིས་པུས་བཙུགས་ཐལ་སྦྱར་གྱིས་ཇོ་རུ་ལ་ཕྱག་བཙལ་ནས་ལོ་རྒྱུས་རྣམས་ཞུས་འཕྲལ། ས་འདི་ང་ཇོ་རུས་ས་ཡིན་པས་དགྲ་འཆི་བདག་གིས་ཀྱང་བཅོམ་ག་ལ་ཆོག ཧོར་གྱི་ཤན་པ་རེ་ཟུང་ལ་སྐྲག་དགོས་དོན་མེད། ངས་ལོན་ཐབས་བྱེད་ཆོག་ཅེས་གསུངས། ཚོང་དཔོན་དེ་དག་གི་ལེགས་སོ་ཞུས་པས། ཇག་པ་མི་བདུན་དེ་ཨ་ཆེན་ཐང་པ་གྲུ་བཞི་ལ་བསླེབས་ནས་རྟ་དྲེལ་དང་ནོར་སྒམ་སོགས་བགོ་རྩིས་བྱེད་བཞིན་པའི་སྐབས་ཇོ་རུ་ལྕང་དཀར་བེར་རྒ་ལ་ཞོན་ནས་དེར་སླེབས་ནས་ཧོར་གྱི་ཇག་པ་ཁྱེད་ཚོས་ངའི་ཚོང་དཔོན་རྣམས་བཅོམ་ཟིན་པས་ལས་འདི་བྱས་ཀྱི་གཏང་མ་ཞིག་མ་ལོན་ན་ང་ཇོ་རུ་ཤི་བའི་རོ་དང་འདྲ། ཞེས་གསུངས་པས་ཤན་པས་ལས་བཟང་པོ་ཞིག་མ་བྱུང་། ལན་གྱི་རེ་བ་མེད་པས་བྲོས་ཤིག་ཅེས་ཐམས་ཅད་འུར་གྱིས་བྲོས་སོང་བར་བཤད་ཡོད། [ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་འཁྲུངས་གླིང་མེ་ཏོག་ར་བའི་ཤོག་ངོས་༡༤༩པ་ལས་དྲངས།] དེ་ཡང་འཁྲུངས་གླིང་ལས། དེ་ནས་ཇོ་རུས་འུར་ཐོག་གསུམ་འཕངས་པས་ཧོར་རི་རྡོ་རྗེའི་རྩེ་དགུའི་རི་ངོས་སུ་ཧོར་རལ་ཆེན་ཐོ་ཐོག་རྒྱལ་པོ་དེས་ཐོག་མི་དགུ་བཅུ་གོ་དགུ་བཅས་དཔོན་གཡོག་བརྒྱ་ཐམས་པ་སྐྱོ་སང་གི་ལྟད་མོ་ལ་ཡེངས་ཡོད་པར་འུར་ཐོག་གསུམ་གྱིས་རྫ་བྲག་བསྙིལ་ནས། མི་རྟ་གཉིས་བརྒྱ་ཐམས་ཅད་བསད་ནས་སྐད་ཅིག་དེ་ཉིད་ལ་དག་པའི་ཞིང་དུ་དྲངས་བར་གསུངས་སོ།། ཞེས་པ་ལྟར་ན་ཧོར་གྱི་རྒྱལ་རབས་ཞེ་བརྒྱད་པ་དེ་ཧོར་རལ་ཆེན་ཐོ་ཐོག་རྒྱལ་པོ་དེ་ཡིན་ལ། [ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་ཧོར་གླིང་གཡུལ་འགྱེད་སྟོད་ཆ་གློག་རྡུལ་ལྕགས་པར་མའི་ཤོག་ངོས་༡༡་པ་ལས་དྲངས། ]ཧོར་གླིང་གཡུལ་འགྱེད་དུ་སྡིག་གཅོད་ཤན་པ་རྨེ་རུའི་གུར་དཀར་ལ་བླངས་བའི་གླུ་ལས་གསལ་བར་ལྟར་ན། ཧོར་སེར་ད་ར་མཁར་དགུ་དང་། །ཁྲ་མོ་གླིང་གི་ས་ཆ་གཉིས། །ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་དང་། །གླིང་ཆོས་འཕེལ་ནག་པོ་དུས་མཉམ་ཡིན། །ཞེས་བཤད་ཡོད་ལ། ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་དེ་ཧོར་གྱི་རྒྱལ་རབས་ཞེ་བརྒྱད་པ་ཡིན་པ་དང་། དེའི་སྲས་ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོ་དེ་རྒྱལ་རབས་ཞེ་དགུ་པ་ཡིན་པར་བཞེད་དེ། ཡང་དེ་ཉིད་ལས། ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོ་དང་། །གླིང་ཆོས་ལ་འཕན་གཉིས་དུས་མཉམ་ཡིན། །ཞེས་ཧོར་ཤན་པའི་གླུ་ལས་གསལ་བས་སོ།། ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོ་དེ་ལ་ཐེའུ་རང་སྤུན་གསུམ་གྱི་བླ་སྲོག་ཞུགས་པའི་གུར་དཀར་དང་གུར་ནག་གུར་སེར་ཏེ་བུ་སྤུན་གསུམ་བྱུང་བར་གྲགས། ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་དེ་གུར་དཀར་རྒྱལ་པོའི་ཡང་མེས་ཡིན་པར་ཤན་པའི་གླུ་ལས་གསལ། འཁྲུངས་གླིང་དང་ཧོར་གླིང་གཉིས་ཀའི་བཞེད་པ་གཅིག་མཐུན་དུ་བྱུང་བ་ནི། གོང་དུ་འཁྲུངས་གླིང་ལས་ཇོ་རུའི་འུར་རྡོ་གསུམ་འཕངས་པའི་མཐར་ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་གཙོའི་མི་རྟ་གཉིས་བརྒྱ་བསད་པར་བཤད་ཡོད་ལ། ཧོར་གླིང་གཡུལ་འགྱེད་ལས་གུར་དཀར་གྱིས་ཧོར་གྱི་བླ་བྱ་ཁྭ་ཏ་ནག་ཆུང་བཙུན་མོར་བཙལ་བར་གཏང་ནས་འབྲུག་མོ་འཕྲོག་དགོས་པའི་གླུ་ལས་ཀྱང་། གེ་སར་གྱིས་ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་དེ་འུར་རྡོ་གཅིག་གིས་ལས་གུར་དང་མཉམ་དུ་བྱེ་མའི་ཐང་ལ་བརྡབས་པའི་དགྲ་ལེན་སྤྲོད་དགོས་ཞེས་ཤན་པ་ལ་བླངས་བའི་གླུ་ལས། [ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་ཧོར་གླིང་གཡུལ་འགྱེད་སྟོད་ཆ་གློག་རྡུལ་ལྕགས་པར་མའི་ཤོག་ངོས་༡༠་པ་ལས་དྲངས། ]འགོག་མོའི་བུ་སྡུག་ཇོ་རུ་དེས། །ལོ་ངོ་གསུམ་གྱི་གོང་ཐོག་ཏུ། །ཧོར་ཨ་ཆེན་ཐང་པ་གྲུ་བཞི་ལ། །ཅང་དཀར་བེར་རྒས་རྟ་ལམ་བཏོད། །འུར་ཡར་གཡུག་རྒྱ་གར་ཡུལ་ལ་གཡུག །རྒྱ་གར་ཆོས་སྒོ་གོང་མ་གཏོར། །མར་གཡུག་རྒྱ་ནག་ཡུལ་ལ་གཡུག །རྒྱ་གཙང་ཟའི་ཁྲིམས་ཤིང་བར་མ་གཏོར། །ཚུར་གཡུག་སེར་པོ་ཧོར་ལ་གཡུག །ཧོར་ཐོ་ཐོག་རལ་ཆེན་རྒྱལ་པོ་དེ། །གུར་དཀར་པོ་བྱེ་མའི་ནང་ལ་བརྡབས། །ཞེས་བཤད་དོ།། དེ་ལྟར་བུ་སྤུན་གསུམ་གྱི་ཆེ་བ་གནམ་ཐེའུ་དཀར་པོའི་བླ་ལ་བཀུར་བའི་གུར་དཀར་སྟག་ཞུར་རྒྱལ་པོ་དེ་ལ་སྲོག་གི་ཁུག་པ་བཅུ་གསུམ་ཡོད་པར་གྲགས་པས་རྒྱལ་རབས་ལྔ་ཅུ་པའི་ཁྲི་ལ་མངའ་གསོལ་བྱས་ཏེ་ཧོར་སྡེ་དམར་ནག་བཅུ་གཉིས་ལ་དབང་བསྒྱུར་བྱེད་པའི་ཐབས་དང་གོ་ས་འཛིན་པ་དང་། དེའི་འོག་ཏུ་བར་ཐེའུ་ཁྲ་བོ་བླ་ལ་བཀུར་བའི་གུར་སེར་དཔའ་བརྟན་དར་ལུ་ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོའི་གདུང་བརྒྱུད་གུར་སེར་དཔའ་བརྟན་དར་ལུ་ནི་དཔའ་བོའི་རྩལ་དྲུག་ལུས་ལ་རྫོགས་ཤིང་འཁོར་གྱི་ལས་དམག་པཱ་དུར་དང་ཤན་པ་རྣམས་ཀྱིས་གོང་དུ་བཀུར་བའི་རྒྱལ་སྲིད་ལ་དབང་བསྒྱུར་བྱེད་པའི་མི་སྣ་ཞིག་ཡིན་ལ། དེ་ཉིད་སྐུ་ཚེ་ཡུན་རིང་མ་བསྲིང་བར་ཧོར་གླིང་གཡུལ་འགྱེད་སྐབས་རྨ་སྲིབ་ཨ་ཕྱིའི་དུག་ཐང་ནས་གླིང་གི་ཁྲི་དཔོན་གདོང་གསེར་པའི་ཉི་འབུམ་དར་ཡག་གིས་གླིང་གེ་སར་རྒྱལ་པོའི་ཕྱག་མདའ་གསེར་ལྟོང་མ་ཞིག་རྒྱབ་ནས་བསྒྲལ་བའི་ལོ་རྒྱུས་ཧོར་གླིང་གཡུལ་འགྱེད་ལས་གསལ་བའོ།། དེའི་འོག་ཏུ་ས་ཐེའུ་ནག་པོ་བླ་ལ་བཀུར་བའི་གུར་ནག་སེངྒེ་རྒྱལ་པོ་དེ་ཉིད་སྐྱེས་ས་དང་ཚར་ས་ཧོར་ཡུལ་དུ་གྱུར་ཀྱང་བསམ་པ་གླིང་ལ་དཀར་ཞིང་གེ་སར་ལ་དད་པ་དང་དག་སྣང་ཡོད་པ་ཞིག་ཡིན་ལ། པཱ་དུར་དང་ལས་དམག་གི་ཐབས་བཀོད་འདོམས་བྱེད་པ་ལ་ཤིན་ཏུ་མཁས་པར་གྲགས་པའི་མི་སྣ་གཙོ་བོར་ཞིག་ཡིན་ཡང་ཧོར་གླིང་འཁྲུགས་ནས་གེ་སར་རྒྱལ་པོ་དེ་རྫུ་འཕྲུལ་སྟབས་ཀྱིས་ཧོར་ཡུལ་དུ་ཕེབས་པར་ཐོས་ཚེ་ཧོར་ཡུལ་མེད་རྩ་བྲལ་དུ་འགྲོ་བར་ཤེས་ནས་ཧོར་རི་པའི་ཆགས་ཆེན་དར་འབུམ་སོགས་ཇག་པ་མི་དྲུག་ཁྲིད་དེ་གངས་ཏི་སེའི་སྟོད་ཕྱོགས་འབུང་སེང་ཉི་མའི་ཁ་བར་དུ་གྲོས་ཏེ་སྦས་གནས་བཟུང་བས་་ཕྱིས་སུ་སྟོད་ཧོར་ཞེས་གྲགས་པ་དེ་བྱུང་བ་ཡིན། རྒྱལ་པོའི་ནང་བློན་གཙོ་བོ་ནི་སྔོན་ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོའི་སྐབས་བྱང་གི་གནམ་མཚོ་ལས་གདུག་པ་ཅན་གྱི་སྡིག་པ་ར་ཙ་དང་། གདོལ་སྦལ་གཉིས་ཀྱི་རྒྱུད་དུ་བདུད་ཀྱི་བུ་ལྔ་རྫུས་ནས་བྱུང་བར་གྲགས་པ་ལ་ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོ་དེས་བདག་པོ་རྒྱབ་ནས་སྐྱེད་བསྲིང་བྱས་པར་རྒྱུད་དཔའ་རྩལ་འགྲན་ཟླ་དང་བྲལ་བའི་བུ་ལྔ་འཚར་ལོངས་བྱུང་བར་གྲགས་ལ། དེའི་ནང་ཆེ་བ་ཧོར་སྡིག་གཅོད་ཤན་པ་རྨེ་རུ་རྩེ་ཡིན། [ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གྲུ་གུའི་གོ་རྫོང་ལྕགས་པར་མ་སྟོད་ཆའི་ཤོག་ངོས་༡༡༡པ་ལས་དྲངས།]དེ་ཡང་གྲུ་གུ་གོ་རྫོང་ལས་འདི་ལྟར་གསུངས་ཏེ། ཕ་རྒོད་སྡིག་པ་ར་ཙ་དེས། །བསྐོས་ཐང་གཡུ་སྦལ་ཁོང་ལ་དྲིས། །ཆུ་སྟོད་ཟླ་བའི་ཉེར་དགུ་ལ། །གསེར་དངུལ་རྟ་དྲེལ་ཁྲབ་རྨོག་གྲི། །གཡག་ལུག་རྐང་འགྲོས་རྒྱ་མཚོ་བཅས། །མ་དྲོས་ཀླུ་ལ་མཚོ་འབུལ་བཏང་། །གསེར་གྱི་ཐུར་མ་དགུ་སྒྲིལ་གྱིས། །ཧོར་བླ་མཚོ་ལན་གཅིག་དཀྲུགས་པའི་དུས། །ཐོག་གི་རལ་གྲི་ངར་མ་བྱུང་། །ང་ཤན་པའི་གྲི་ལ་རང་དབང་ཐོབ། །ཅེས་བཤད་པ་ལྟར་ན་སྡིག་གཅོད་ཤན་པ་རྨེ་རུ་རྩེ་དེ་ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོའི་བུ་དངོས་མ་ཡིན་ཀྱང་། ལས་དང་སྨོན་ལམ་གྱིས་སྡིག་པ་ར་ཙའི་བུ་བརྒྱུད་ཧོར་གུར་དཀར་རྒྱལ་པོའི་ནང་བློན་དུ་གྱུར་པ་ཞིག་ཡིནལ་ཁོང་གླིང་ལ་བསམ་པ་དཀར་བ་དང་གེ་སར་ལ་དད་པ་ཡོད་པའི་མི་སྣ་ཞིག་ཡིན་པར་མ་ཟད་ཧོར་གླིང་མཇུག་རྫོགས་པ་དང་མ་བསད་པར་འཇང་གླིང་འདུལ་བའི་དཔུང་རོགས་སུ་དགོངས་ནས་གླིང་ལ་ཁྲིད་ཡོང་བར་བཤད། དེའི་འོག་བུ་ལྔའི་ནང་གི་ཨ་ལྔ་མཐེའུ་དྲུག་ནི་གོང་ལྟར་སྡིག་པ་ར་ཙའི་བུ་གཉིས་པ་གུར་དཀར་སྟག་ཞུ་རྒྱལ་པོའི་ནང་བློན་ཡིན་ལ་འདི་ནི་བདུད་བློན་ཤ་སྟག་ཡིན་པར་མ་ཟད་ཧོར་གྱི་དམག་དཔོན་གྲགས་ཤོས་ཨ་ལྔ་དགྲ་འདུལ་རྒྱལ་པོ་ཞེས་མཆོག་དཀར་གཞུ་རྒྱུད་ནས་མདའ་ལྔ་དུས་གཅིག་ལ་སྤྲིངས་བའི་དཔའ་བོ་ཞིག་སྟེ་ཧོར་གླིང་གཡུལ་འགྱེད་སྐབས་གླིང་གི་རྒྱ་ཚ་ཞལ་དཀར་གྱིས་ཧོར་གཡག་ལ་སེར་པོའི་འདབ་ཞོལ་ཏུ་ཡ་ཟི་དཀར་ཕྲན་གྱི་ངར་ལས་གྲོངས་སོང་བར་གྲགས། ཡང་དེ་ཉིད་ལས། ཧོར་བླ་མཚོ་ལན་གཉིས་དཀྲུགས་པའི་དུས། །ལྕགས་ཀྱི་མདའ་གཞུ་ཆ་གཅིག་བྱུང་། །ཨ་ལྔ་མདའ་ལ་རང་དབང་ཐོབ། །ཅེས་དང་། ཧོར་བླ་མཚོ་ལན་གསུམ་དཀྲུགས་པའི་དུས། །ལྷ་རྡོ་དཀར་པོ་གྲུ་བཞི་བྱུང་། །རྩལ་ཆེན་སྒྱོགས་ལ་རང་དབང་ཐོབ། །ཅེས་གུར་དཀར་རྒྱལ་པོའི་ནང་བློན་གསུམ་པ་ཧོར་སྡིག་པ་ར་ཙའི་བུ་གསུམ་པ་རྩལ་ཆེན་ནམ་མཁའ་སྦར་འཛིན་ཡིན་ལ། ཡང་དེ་ཉིད་ལས། ཧོར་བླ་མཚོ་ལན་བཞི་དཀྲུགས་པའི་དུས། །གླང་ཆེན་དུང་མཆེ་ཆ་གཅིག་བྱུང་། །ཤེད་ཆེན་ཤེད་ལ་རང་དབང་ཐོབ། །ཅེས་ཐོག་རྨོག་རལ་ཆེན་རྒྱལ་པོ་དེས་བླ་མཚོ་ལན་བཞི་དཀྲུགས་པའི་ཚེ་ན་གུར་དཀར་རྒྱལ་པོའི་ནང་བློན་ཧོར་སྡིག་པ་ར་ཙའི་བུ་བཞི་པ་ཤེད་ཆེན་རི་བོ་པང་ཁུར་དེ་བྱུང་བར་གྲགས་ལ་ཤན་པ་དང་པཱ་དུར་ཡོངས་ཀྱི་ནང་ནས་དཔའ་ཡང་རྒོད་སྡིག་རའི་བུ་བཞི་པ་ཤེད་ཆེན་ཤེད་ལ་རང་དབང་ཐོབ་ནས་རི་བོ་པང་དུ་ཁུར་རྒྱ་མཚོ་གནམ་དུ་བཀྱགས་པར་གྲགས་པས་ཧོར་ཡར་རྩེ་མཁར་གྱི་གསེར་ཁྲི་བཞེངས་པའི་སྟོན་མོའི་སྐབས་རྩལ་འགྲན་ནས་ཐང་རྙེད་ཀྱིས་ས་ལ་ལན་གསུམ་བརྡབས་ནས་དབུགས་ཀྱི་རྒྱུ་བ་བཅད་པར་གྲགས་སོ།། དེ་ཉིད་ལས། ཧོར་བླ་མཚོ་ལན་ལྔ་དཀྲུགས་པའི་དུས། །གློག་གི་ཞགས་པ་འདོམ་དགུ་བྱུང་། །སྟོབས་ཆེན་ཞགས་ལ་རང་དབང་ཐོབ། །ཅེས་གསུངས་པ་ལྟར་ན། ཐོག་རྨོག་རལ་ཆེན་རྒྱལ་པོ་དེས་གསེར་གྱི་ཐུར་མས་བླ་མཚོ་ལན་ལྔ་པ་དཀྲུགས་པའི་ཚེ་གུར་དཀར་རྒྱལ་པོའི་ནང་བློན་ཧོར་སྡིག་པ་ར་ཙའི་བུ་ལྔ་པ་སྟོབས་ཆེན་གླང་པོ་ཁྲག་འབར་བྱུང་བར་གྲགས་ལ་དེ་ནི་ཧོར་གྱི་ནང་བློན་ཆེ་བ་ལྔའི་ཡ་གྱལ་ཆུང་བ་ཡིན་ཧོར་བདུད་གུར་དཀར་གཉའ་སྒ་བསྟད་ནས་བསྒྲལ་ཟིན་པའི་ཕྱི་ཉིན་ཁྲག་འབར་འདུལ་བའི་དུས་ལ་བབས་ནས་སེང་ཆེན་ནོར་བུ་དགྲ་འདུལ་དེས་ཁྲག་འབར་གྱི་རྐང་ལག་རྣམས་ལྕགས་ཐག་གིས་བཞི་རྒྱབ་བྱས་ནས་སྙིང་གར་ཁྲོ་ཕུར་བཏབ་ནས་བསྒྲལ་བར་གྲོགས་སོ།། ནང་བློན་སྡིག་པ་ར་ཙའི་བུ་ལྔ་པོ་དེ་དག་རང་རང་གི་ཐུན་མོང་མ་ཡིན་པའི་ཕས་རྒོལ་གྱི་དགྲ་ཡིས་མི་ཚུགས་པའི་དཔའ་བོའི་བྱེད་ལས་དང་ཁྱད་ཆོས་མི་འདྲ་བ་ལྔ་ལ་རང་དབང་འབྱོར་ཞིང་། རྒྱལ་པོའི་མངའ་ཁོངས་ལ་གཟིགས་སྐྱོངས་བྱེད་པའི་མི་སྣ་གཙོ་བོར་ཡིན་པར་མ་ཟད། ཧོར་སྟོད་སྨད་བར་གསུམ་གྱི་ཕས་རྒོལ་གྱི་སྡང་དགྲ་ཆོམ་ལ་ཕབ་པའི་དཔའ་བོའི་མཚན་དང་སྙན་གྲགས་ཡོད་པའི་མི་སྣ་ཞིག་ཀྱང་ཡིན། ད་དུང་ནང་བློན་གྲགས་ཆེ་བའི་ཡ་གྱལ་ཧོར་ཆགས་ཆེན་རི་པའི་དར་འབུམ་གྱི་བུ་མདའ་སྐྱེན་པོ་ལ་རང་དབང་ཐོབ་པའི་གྲགས་ཅན་གྱི་སྐྱེས་བུ་ཐང་རྩེ་གཡུ་འབྲུག་ནི་སྐྱེ་བ་སྔོན་མར་སྟེང་ལྷ་ཆེན་ཚངས་པའི་སྲས་སྐལ་དང་། གླིང་གེ་སར་རྒྱལ་པོའི་སྐུ་མཆེད་ཡིན་པ་མ་ཟད། སྐུ་ཚེ་གང་པོར་གླིང་དཀར་པོ་ལ་བསམ་པ་དཀར་ཞིང་དམ་ཚིག་ཉམས་མ་མྱོང་བའི་ལྷ་སྲས་གཙང་མ་ཞིག་ཡིན་ལ། ཧོར་བདུད་གུར་དཀར་གཉའ་སྒ་བསྟད་དེ་ཆོམ་ལ་ཕབ་ནས་ཧོར་སྡེ་འབུམ་ཚོ་བཅུ་གཉིས་ཀྱི་དཔོན་ཐོབ་ཀྱི་ཐབས་ཐང་སྤྲོད་པ་ནི། དེ་ཡང་ཧོར་གླིང་གཡུལ་འགྱེད་ལས། ཧོར་སྡེ་འབུམ་ཚོ་བཅུ་གཉིས་བསྡུས་ནས་མཁར་དཀར་པོ་བསམ་འགྲུབ་ཀྱི་མདུན་དུ་ཚོགས། གླིང་གི་འབྲུག་དགའ་བ་ནམ་མཁའ་ཐོག་རྒྱལ་དེ་སྐུ་ཚབ་ཏུ་བཞག ཐང་རྩེ་གཡུ་འབྲུག་དེ་ཧོར་སྡེ་འབུམ་ཚོ་བཅུ་གཉིས་ཀྱི་དཔོན་པོ་བསྐོས་པ་མ་ཟད། ཐང་རྩེ་དང་ཕ་ཆོས་དར་རྒྱལ་པོ་གཉིས་གླིང་གི་བློན་གྲལ་དུ་བཞག་པར་ཡོངས་བསྒྲགས་བྱས། ཞེས་གསུངས་པ་དང་། དེ་ནས་བཟུང་གླིང་གྲལ་དུ་ཕེབས་ཤིང་རྒྱལ་པོ་གེ་སར་བློས་ཐུབ་ཀྱི་དགེ་བློན་དུ་གྱུར་ཏེ། གསོལ་དཔོན་ཐང་རྩེ་གཡུ་འབྲུག་ཅེས་གླིང་རྗེ་གེ་སར་རྒྱལ་པོའི་ཕྲིན་ལས་བསྒྲུབ་པའི་གྲོགས་ཀྱི་དམ་པ་གྱུར་ལ། ཁོང་ནི་སྔོན་རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་ནང་ཚན་རྩོད་རྒྱལ་དྷརྨ་ཀིར་ཏི་ཞེས་ཆོས་ཀྱི་གྲགས་པའི་རྣམ་སྤྲུལ་ཡིན་པར་བཞེད་དོ།། ད་དུང་བློན་ཆེན་མཆོང་ལྷ་སྨུག་པོ་ནི་ཧོར་རྗེ་གུར་དཀར་གྱི་ནང་བློན་ཡིན་ལ། དཔའ་རྒོད་ལ་དཔུང་པ་མཁྲེགས་པ། དགྲ་ཕར་འདུལ་གྱི་སྲོག་གི་གཤེད་མ་དང་ནོམ་ཚུལ་ཁྱེར་གྱི་སྟོང་མ་ལེན་མཁན་ཡིན་ལ། འཛམ་གླིང་སེང་ཆེན་རྒྱལ་པོའི་ཐུགས་ལ་གནོད་པའི་བདུད་བློན་གཙོ་ཆེར་ཞིག་གི་གྲས་དུ་འཇོག་ཡོད་པས། ལྷ་སྲས་རྒྱ་ཚ་ཞལ་དཀར་གྱི་དབུ་ཧོར་ཡ་རྩེ་མཁར་ཐོག་ནས་འདོགས་ཡོད་པ་དེས་ཧོར་རྒྱལ་གྱི་སྲིད་ལ་ཆག་གྲུམ་རེ་བྱུང་བ་དང་ཧར་བགད་ཀྱི་ལྟས་ངན་རེ་བསྒྲོགས་པའི་རྐྱེན་གྱིས་དབུ་དེ་ལྕོག་ལྷ་མཚལ་རྩེའི་འདབས་ཞོལ་དོང་དུ་སྦས་པར་མཆོང་ལྷ་གཙོ་བོར་བྱས་པའི་གཡོག་ལས་དམག་མང་པོའི་ཁྲོད་དེ་དང་མཉམ་དུ་གེ་སར་གྱི་སྤྲུལ་པ་མགར་བའི་བུ་ཐང་རྙེད་ཀྱང་ཁྲིད་ནས་སོང་བས། གེ་སར་གྱིས་ལས་དམག་ཐམས་ཅད་བསད་ལྕོག་ལྷའི་རྦབ་རྡོའི་འོག་མཆོང་ལྷ་དོང་དུ་མནན་ནས་བཏུལ་བ་ནི། [ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་ཧོར་གླིང་གཡུལ་འགྱེད་སྨད་ཆ་གློག་རྡུལ་ལྕགས་པར་མའི་ཤོག་ངོས་༤༨༩པ་ལས་དྲངས། ] དེ་ཡང་ཧོར་གླིང་གཡུལ་འགྱེད་ལས། པཱ་དུར་མཆོང་ལྷ་སྨུག་པོ་ཁྱོད། །གླིང་དཀར་སྟོད་ལ་ཡ་བོ་བཟུང་། །དཔའ་བརྟུལ་རྣམས་ལ་བརྙས་སྨོད་བྱས། །ཞལ་ལུའི་དབུ་ལ་ཞེ་ནག་བཟུང་། །སེང་ཆེན་ང་ཡི་དགྲ་ཟླར་ལངས། །དེ་སྟེ་ཉི་མ་དེ་རིང་ལ། །སེང་ཆེན་ནོར་བུ་དགྲ་འདུལ་ངས། །དབུ་ཡི་ཚབ་ཏུ་ཁྱེད་རང་མནན། །ཞེས་གསུངས་སོ།། དེ་ནས་ལྕགས་ཚ་ཁེར་སྐྱེས་ནི་ཧོར་གྱི་ཤན་པ་དྲགས་ཤོས་དང་གུར་དཀར་གྱི་ནང་བློན་སྤྱང་གྲུང་གཉིས་འཛོམས་ཀྱི་མི་སྣ་ཞིག་ཡིན་ལ། འདི་ཡང་གེ་སར་གྱིས་གུར་དཀར་རྒྱལ་པོའི་བླ་གྲི་བརྡུང་བའི་སྟ་གོན་བྱས་པའི་ཚེ་སོལ་བ་བསྲེག་པའི་སྐབས་གུར་དཀར་བླ་ཤིང་རྩེར་སྐྱོན་པ་དང་ཐང་ལ་བརྡབ་ནས་བཏུལ་བར་བྱས་པར་གྲགས། ད་དུང་བློན་པོ་ཆུང་བ་མང་དུ་ཡོད་ཀྱང་ཡིག་ཚོགས་མང་བར་དང་གཏམ་ཉོག་ཏུ་འགྲོ་བར་དོགས་ནས། ནང་བློན་གཙོ་བོར་རྣམས་ཤ་ཟིན་པགས་ཟིན་ཙམ་སྨོས་པ་མ་གཏོགས་གཞན་རྣམས་འདིར་བཀོད་པའི་ངལ་བར་མ་བྱས་སོ།། སྤྱིར་ཧོར་གུར་དཀར་རྒྱལ་པོའི་མངའ་འོག་ཏུ་ནང་གསེས་རིགས་མི་འདྲ་བ་གུར་དཀར་ནག་སེར་གསུམ་གཙོ་བོར་བྱས་པའི་མགར་བ་དང་། ཉ་རྒྱལ་ཀུན་དགའ་རི་པ་ཐང་པ་འབུམ་པ། ཁྲ་བོ་ཁྲ་ཤོག་ལྡེམ་པ་སོགས་དཔོན་པོ་བཅུ་གཉིས་ཁ་འོག་གི་མི་སྣའི་མཚན་ཐོབ་དང་། ལས་དམག་གི་རུ་དར་དང་བརྡ་བྱང་རིགས་མི་འདྲ་བ་ཡོད་ནའང་རེ་རེ་བཞིན་བརྗོད་ཀྱི་མི་ལང་བས་མི་སྣ་གཙོ་ཆེར་རྣམས་ཟུར་དུ་བཀར་ནས་དེ་དག་གི་མིང་དང་གོ་ཐོབ་སོགས་དཔའ་བོའི་མཚན་སྙན་དུ་གྲགས་པ་གཙོ་འདོན་བྱས་ནས་དེའི་སྣང་བརྙན་ཙམ་ཡིད་ལ་འཆར་བདེ་བའི་ཆེད་སྨོས་པ་ལགས། མགར་བ་ཆོས་དར་རྒྱལ་པོ་ཞེས་པ་དེ་ཧོར་གྱི་མགར་སྡེ་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ་ཡིན་ལ། ཇོ་རུའི་སྤྲུལ་པ་ཐང་རྙེད་ཀྱིས་སྔོན་མགར་བ་རྒྱ་ནག་ཏུ་ཚོང་པ་སོང་ནས་ལམ་བར་བུ་ཤི་ཤོར་བ་དེ་ཡིས་རྣམ་ཤེས་རྒྱ་ནག་ཚོང་དཔོན་གྱི་ལག་དོའི་མཉམ་དུ་ཡོང་ནས་ཧོར་རྩྭ་ར་པདྨ་སྟོང་ལྡན་གྱི་ཇ་ལོ་ཕུང་པོའི་ནང་ལྷག་སོང་བར་ཐང་རྙེད་དགུང་ལོ་བཅུའི་ངང་ཚུལ་ཞིག་སྤྲུལ་ནས་མགར་ཆོས་དར་གྱིས་བདག་པོ་བྱས་ནས་གསོས་ཏེ། དང་པོ་མགར་བའི་ལྕགས་ཁང་རིང་མོའི་ནང་ཆོས་དར་གྱི་ལག་གཡོག་བྱས་པ་དང་། དེ་ཉིད་ན་སོན་ཏེ་མགར་བཟོ་མཁས་པར་གྱུར་ཏེ་ཁོ་རང་གི་བུ་དང་ཁྱད་པར་མེད་པ་བྱས། མགར་ཆོས་དར་གྱི་བུ་མོ་སྟོང་ཉིད་མགའ་བཟའ་ཆོས་སྒྲོན་དེ་རྡོ་རྗེ་གཡུ་སྒྲོན་གྱི་སྐྱེ་བར་ཡིན་སྟབས་གེ་སར་གྱི་མཐུན་གྲོགས་སུ་གོང་མ་ལྷ་ནས་བསྐོས་པར་བཤད་ལ། [ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་ཧོར་གླིང་གཡུལ་འགྱེད་སྨད་ཆ་གློག་རྡུལ་ལྕགས་པར་མའི་ཤོག་ངོས་༤༠༢ ༤༠༣བར་ནས་དྲངས། ] དེ་ཡང་ཧོར་གླིང་གཡུལ་འགྱེད་ལས། ཁྱོད་གེ་སར་རྒྱལ་པོའི་མཐུན་གྲོགས་ལ། །ང་གོང་མ་ལྷ་ནས་བསྐོས་ལེ་ཡིན། །ངོ་ཨེ་ཤེས་རྒྱལ་པོ་རིན་པོ་ཆེ། །ང་དཀར་ཡག་གངས་རི་དཀར་པོ་འདི། །ཁྱོད་སེང་གེ་དཀར་པོའི་སྐྱོ་གྲོགས་རེད། །ཞེས་དང་། ཡང་། ང་ཧོར་གྱི་མགར་བཟའ་ཆོས་སྒྲོན་འདི། །ཁྱེད་འཛམ་གླིང་རྒྱལ་པོའི་སྙིང་གྲོགས་རེད། །སྨན་ང་ཡིས་བློ་རྩེ་ཁྱེད་ལ་གཏད། །གཏད་ཡོད་ལེ་ཨེ་ཤེས་གེ་སར་དཔོན། །ཞེས་དང་། [ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་ཧོར་གླིང་གཡུལ་འགྱེད་སྨད་ཆ་གློག་རྡུལ་ལྕགས་པར་མའི་ཤོག་ངོས་༤༠༦པ་ལས་དྲངས། ]ཡང་གེ་སར་གྱིས་ཀྱང་འདི་ལྟར་གསུངས་ཏེ། ས་ཆ་མེད་ཧོར་གྱི་ས་ཆ་ནས། །དགྲ་མ་ཐུལ་བར་དུ་འདུག་རྒྱུ་ཡིན། །སེམས་སྐྱོ་རོགས་མགར་བཟའ་ཁྱོད་རང་ཡིན། །དགྲ་འདུལ་ཚེ་བློ་ཡ་གྲོས་རོགས་དགོས། །བཏུལ་ཚར་དུས་ཁྲ་མོ་གླིང་ལ་འགྲོ། །སྨན་འབྲུག་མོ་དེ་དང་ཁྱད་པར་མེད། །མཁར་སེང་ཕྲུག་སྟག་རྩེའི་ནང་རྫོང་གྱིས། །སྡེ་ཧོར་གླིང་གཉིས་ཀྱི་དཔོན་པོ་གྱིས། །མཛོད་ཁྲ་མོའི་སྒོ་ཡི་ལྡེའུ་མིག་ཟུངས། །ངས་ཚེ་མཐར་མགར་བཟའ་མི་སྐྱུར་ངེས། །གླིང་གསེར་འབུམ་སེར་པོ་དཔང་ལ་འཇོག །ཅེས་གསུངས་པས་ཇོ་རུས་གུར་དཀར་འདུལ་བའི་ཐབས་ཀྱི་གྲོགས་སུ་བཀུག་པར་རྟེན་འབྲེལ་མ་སྒྲིག་རང་འགྲིགས་སུ་སོང་ནས་ཕ་ཆོས་དར་ཡང་རྗེས་སུ་ཡི་རངས་བཅས་གཞུག་ཏུ་ཕ་ཆོས་དར་གླིང་གེ་སར་རྒྱལ་པོའི་བློན་པོ་གྱུར་པ་གྲགས་སོ།། མགར་བའི་ནག་པོ་འབྲོང་ཐུབ་ནི་མགར་བའི་ལས་དམག་གི་འགོ་འཛིན་པ་ཡིན་པ་མ་ཟད་དམག་འཐབ་སྐབས་རུ་སྣ་འདྲེན་པའི་དམག་དཔོན་གྱི་ཐོབ་ཐང་ཡོད་པ་ཞིག་ཀྱང་ཡིན། མགར་བའི་བློན་པོ་པཱ་དུར་དུག་རི་ནག་པོ་དེ་དགྲ་ཐབས་ལ་མཁས་པ་དང་ཧོར་སྡེ་དམར་ནག་བཅུ་གཉིས་ནང་ནས་ཤིན་ཏུ་སྙན་གྲགས་ཆེ་བའི་མི་སྣ་ཞིག་ཡིན་ལ། ཧོར་དམག་གི་རྨ་ཆུའི་སྲིབ་ངོས་སྒར་རྒྱབ་ནས་གླིང་ལ་རྒོལ་ཏེ་ཕྱིར་ཧོར་ལ་འགྲོ་བའི་ལམ་བར་གཡག་ལ་སེར་པོའི་ལམ་གྱི་ཁུགས་སོ་ཞིག་ནས་གླིང་གི་དཔའ་བརྟུལ་སུམ་བཅུའི་ཡ་གྱལ་སྟོད་གླིང་གསེར་པ་མཆེད་བརྒྱད་ཀྱི་ནང་ནས་གསེར་པའི་ཉི་འབུམ་དར་ཡག་དང་གདོང་ཐུག་ནས་འཐབ་སྟེ་དཀྲོངས་སོང་བར་གྲགས་སོ།། མགར་བའི་བཙན་རྒྱལ་ཁ་ཤོར་དེ་མགར་བའི་ཕྱོགས་ཀྱི་པཱ་དུར་ཤིན་ཏུ་སྙན་གྲགས་ཆེ་ཞིང་། དཔའ་བོའི་སྙིང་སྟོབས་ལྡན་ལ་གླིང་སྲས་སྣང་ངུ་གཡུ་སྟག་གི་ཧོར་སྒར་ཁྲག་བཞིན་དཀྲུགས་ཏེ་རྟ་མདོ་བ་མང་པོ་གདོས་བཅད་ནས་ཡོངས་སྐབས། རྗེས་དད་དུ་བཙན་རྒྱལ་དང་ཐུ་ལེ་ནག་བཙོག་གཉིས་བྱུང་བར་གཉིས་ཀ་སྣང་ངུས་གྲི་འོག་ཏུ་གྲོངས་སོང་། མགར་ནག་ཐོག་སེར་འབྲུག་རྒྱལ་དེ་མགར་བའི་ཕྱོགས་ཀྱི་དམག་ཁྲི་ཚོ་གཅིག་གི་དཔོན་པོ་ཡིན་པར་དང་། དགྲ་ལ་འཐབ་ན་ཐོག་དང་སེར་བ་ལས་ཀྱང་མྱུར་འགྱོགས་དང་དྲག་རྩལ་ལྡན་ཞིང་། ཁྲོས་ན་གཤིན་རྗེ་ལས་ཀྱང་ཟིལ་རྔམ་ཆེ་བར་ཧོར་གཅེས་ཕྲུག་ནང་གི་ཡང་གཅེས་གུར་དཀར་དཔོན་གྱི་བློས་ཐུབ་པཱ་དུར་ཞིག་ཡིན་ལ། དེ་ཉིད་ཧོར་གཡག་ལ་སེར་པོའི་ལ་སྟེང་ནས་རྒྱ་ཚ་ཞལ་དཀར་དང་གདོང་ཐུག་ནས་ཡ་ཟི་སྐར་ཕྲན་གྱི་ངར་ལ་དྲངས་ནས་བསད་སོང་བ་ཡིན། ཉ་པའི་ཆུ་བོ་གྱེན་ལྡོག་ཅེས་དཔའ་སྟོབས་དང་དཔུང་རྩལ་རྒྱས་པའི་ཧོར་དམག་གི་ནང་ནས་པཱ་དུར་ནང་མི་སྣ་གྲགས་ཅན་ཞིག་ཡིན་ལ་དེ་ཉིད་གུར་ནག་གི་དམག་དང་སྡེབ་ནས་གླིང་ལ་ཆག་གྲུམ་བཏང་སྟེ་འབྲུག་མོ་དཔོན་གཡོག་བཞི་ཙམ་འཕྲོག་པའི་ཉིན་དེར་ཧོར་དམག་མཇུག་མ་རྫོགས་གོང་དར་འཕེན་སྔོན་དུ་རྒྱུག་སྟེ་གདོང་བཀག་ནས་མདའ་གཅིག་གི་ཁར་ལིངས་སེ་བཏང་ནས་དཀྲོངས་བའོ།། དེ་ནས་ཉ་པའི་ཨ་མགོ་ལྕགས་མིག་དང་གྲུ་ཐེའུ་སྔོན་པོ་རུ་རྒྱལ། སྦལ་བའི་མི་བཙན་ཁ་ཤོར་གསུམ་ཉ་པའི་ཕྱོགས་ཀྱི་བདུད་བློན་གཙོ་བོར་ཡིན་པས་འཛམ་གླིང་གེ་སར་རྒྱལ་པོས་ཧོར་ཆུ་ཁམ་པའི་གྲུ་སོ་བར་མ་ནས་གྲུ་ལོག་རྒོལ་བའི་ཐབས་ཀྱིས་བཏུལ་བ་ཡིན། ཉ་པའི་དཔོན་ཆུང་ལྕེ་བདེ་དེ་ཧོར་རྒྱལ་བུ་བརྒྱད་ཀྱི་ནང་ནས་གཅིག་ཡིན་ལ་དཔའ་རྩལ་དང་སྙིང་སྟོབས་འགྲན་ཟླ་དང་བྲལ་བ། སྡང་དགྲ་བོ་རིག་དུས་ཤ་རྔམ་བྱེད་པའི་ཉ་པའི་ཕྱོགས་ཀྱི་དཔའ་བོ་ཞིག་ཡིན་པས། ཧོར་གཡག་ལ་སེར་པོའི་རི་མགུལ་ནས་གླིང་དམག་དང་འཐབ་ནས་དཔའ་རྒྱ་ཚ་ཞལ་དཀར་གྱིས་མདའ་གཅིག་གི་འོག་ཏུ་བཏུལ་སོང་བར་གྲགས། ཉ་པའི་གཅེས་ཕྲུག་ཨ་རྒྱས་ནི་གུར་དཀར་རྒྱལ་པོའི་གོ་ཆོད་ཀྱི་པཱ་དུར་ཡིན་ལ། ཉ་པའི་ཕྱོགས་ཀྱི་ལས་ཀའི་གྲོས་འགོ་འདོན་པའི་བློ་ཕུག་ཀྱང་ཡིན། རྗེས་སུ་གེ་སར་ལ་ཚེ་སྲོག་གི་མགོ་འབུལ་ཞུས་ནས་དད་པ་དང་དག་སྣང་གི་ཆོས་པ་ཞིག་ཏུ་གྱུར་བར་གྲགས། ཀུན་དགའི་ཉི་མ་གྲགས་པ་ནི་ཀུན་དགའི་ཕྱོགས་ཀྱི་ཤན་པ་ཡིན་ལ་རྒྱུན་པར་གུར་དཀར་གྱི་སྐུ་བསྲུང་བྱས་ནས་འདི་དང་རི་པའི་ཐང་ནག་རྩེ་རྒྱལ་གཉིས་དགྲ་འཐབ་ལ་ཆེར་འགྲོ་མ་དགོས་པར་གླིང་རྗེ་གེ་སར་རྒྱལ་པོའི་གུར་དཀར་གསེརཁྲི་ལས་ཕབ་ནས་གླིང་དམག་གིས་བཟུང་བའི་ཉིན་དེར་སྐུ་སྲུང་གཉིས་ཀྱང་དེ་དང་མཉམ་དུ་བཟུང་བའི་ཚེ་སྐྱབས་འབུལ་ཞུས་ནས་མ་གསོད་པར་གསོན་པོའི་ཐར་པ་ཐོབ་པར་གྲགས། སྟོང་ཤོམ་འབུམ་ཐུབ་ནི་འབུམ་པའི་ཕྱོགས་ཀྱི་དཔོན་པོ་མདའ་སྐྱེན་པོ་འཕེན་པའི་དཔའ་བོ་ཞིག་ཡིན་པར་གྲགས་ལ། དེ་ཉིད་གླིང་རྒྱ་ཚས་ཧོར་རྟ་ཇག་བྱས་པའི་ར་མདའ་དཔའ་ངས་ལེན་གྱིས་ཧོར་གཡག་ལ་སེར་པོའི་འགྱིང་ཁུག་ཞིག་ནས་རྗེས་སུ་བསྙེགས་ཏེ་གླུ་ལེན་ངག་བཀུག་ཀྱི་མཐར་རྒྱ་ཚའི་རལ་གྲིའི་ངར་འོག་ཏུ་གྲོངས་སོང་བར་གྲགས། ཤཱཀྱ་བུ་ཡི་ཤན་རྒོད་དང་སྒ་སྐྱ་བུ་ཡི་སྒེར་རྒོད་གཉིས་གུར་སེར་ཕྱོགས་ཀྱི་དཔའ་བོ་ཡིན་པར་མ་ཚད་ཧོར་དམག་གི་ཤན་རྒོད་དྲུག་བཅུའི་ནང་ཚན་གྱི་མི་སྣ་ཞིག་ཀྱང་ཡིན། གླིང་སྤྱི་དཔོན་གྱི་བུ་སྣང་ངུ་གཡུ་སྟག་དེས་ཧོར་སྒར་དཀྲུགས་ནས་གུར་དཀར་གྱི་ལས་གུར་ལ་གྲི་ཤན་དང་གནམ་ཐེའུ་དཀར་པོའི་རྟེན་མགོ་མཇུག་སློག་ཅིང་རྟ་ཁྲ་ཆུ་མང་པོ་དེད་ནས་ཡོང་སྐབས། གུར་སེར་གྱི་ཤན་རྒོད་འདི་གཉིས་ར་མདའ་ཡོང་བར་སྣང་ངུས་སྒུག་ནས་ཤཱཀྱ་བུ་ཡི་ཤེད་ཆེན་དེ་མགོ་སྐེ་ཕྲལ་བ་དང་། སྒ་སྐྱ་བུ་ཡི་སྒེར་རྒོད་དེ་མདའ་གཅིག་གི་རྟ་ཐོག་ནས་འཕངས་ཏེ་རལ་གྲིའི་ངར་ལ་གྲོངས་སོང་བར་ཡིན། དམག་དཔོན་ཟི་ར་ཐོག་རྒྱལ་དེ་འཕྲུ་དཀར་ནག་སེར་གསུམ་གྱི་ཟུར་ལྟའི་དམག་དཔོན་ཡིན་ལ། ཧོར་དམག་གི་སྒར་ལ་བྱུས་ལེགས་ཉེས་གང་བྱུང་ལ་གཟིགས་སྐྱོང་གནང་བའི་མི་སྣ་ཞིག་ཡིན་པ་དང་། དགྲ་ཕར་རྒྱག་གི་གོ་མཚོན་སྤྲོད་མཁན་དང་ནོམ་ཚུར་ལེན་གྱི་སྟོང་མ་སྤྲོད་སའི་མི་སྣ་གྲགས་ཅན་ཞིག་ཡིན་ལ་ཧོར་གླིང་སྐབས་རྒྱ་ཚ་ཞལ་དཀར་དང་གདོང་ཐུག་པ་ན་ཕྱི་བྲོས་བྱས་ནས་ཧོར་སྒར་དུ་རྗེས་ཆོད་དེ་ཡ་ཟི་སྐར་ཕྲན་གྱི་མཚོན་འོག་ཏུ་སྐེ་ལིངས་ཀྱིས་འཕངས་བྱུངས་བར་གྲགས་སོ།།། རི་པའི་གཅེས་ཕྲུག་ཅོག་དམར་དང་། ཐང་པའི་ཐང་དཀར་རྩེ་རྒོད། འབུམ་པའི་ཨ་ནུ་ཁྲི་ཐུབ་གསུམ་ནི་ཧོར་རི་ཐང་འབུམ་གསུམ་གྱི་དཔོན་ཆེན་གསུམ་ཡིན་ནོ།། ཐོག་རྒོད་གློག་འཁྱུགས་ནི་ཀུན་དགའི་ཕྱོགས་དམག་དཔོན་གྱི་གོ་ཐོབ་ཡོད་པར་མ་ཟད་སྡང་དགྲ་དང་ཐུག་ཚེ་ཐོག་རྒྱག་པ་དང་མྱུར་འགྱོགས་ལ་གློག་འཁྱུགས་པའི་མིང་དོན་མཚུངས་པའི་མི་སྣ་ཞིག་ཡིན། མགར་བའི་ནག་པོ་འབྲོང་ཐུབ་ནི་མགར་བའི་ཕྱོགས་ཀྱི་དམག་དཔོན་ཡིན་པར་གོང་དུ་བསྟན་ཟིན་ལ་འབྲོང་གི་བརྐོ་བ་གསོན་བཤུས་བྱས་ཏེ་མགར་བའི་ཁུག་མོ་བཟོས་པར་གྲགས་པ་ནི་ལུས་ཀྱི་སྟོབས་རྩལ་རྫོགས་པས་མིང་དོན་མཚུངས་པའི་དཔའ་བོ་ཞིག་ཡིན། ཉ་པའི་ཆུ་བོ་གྱེན་ལྡོག་ནི་ཉ་པའི་ཕྱོགས་ཀྱི་དམག་དཔོན་ཡིན་པར་གོང་དུ་བསྟན་ཟིན་ལ། འདིས་ཆུའི་ཁར་སོང་ནས་ཉ་འཛིན་པའི་སྐབས་ཧོར་ཆུ་ཁམ་པ་རབ་མེད་དེ་གྲུ་ཡི་སྐྱ་བས་གྱེན་དུ་ལྡོག་པའི་དཔའ ་རྩལ་རྫོགས་པའི་གཏམ་རྒྱུད་དང་མིང་དོན་མཚུངས་ཆོས་བརྡ་སྦྱོར་བྱས་པར་དཔོག་ཐུབ། འདི་གསུམ་ནི་མགར་བ་དང་ཉ་པ་ཀུན་དགའ་གསུམ་གྱི་ལས་དམག་སོ་སོའི་དམག་དཔོན་གྱི་གོ་ཐོབ་ཡོད་པར་མ་ཟད། མི་དོན་མཚུངས་པའི་དཔའ་བོའི་མཚན་སྙན་ཡོད་པའི་མི་སྣ་གཙོ་བོར་གསུམ་ཡིན་པར་གྲགས་སོ།། གུང་རྗེ་གཡུ་ཡག་ཁྲི་བཙུན་ནི་ཁྲ་བོའི་དམག་གི་འགོ་འཛིན་པ་ཞིག་ཡིན་ལ། ཁོང་ནི་སྐྱེས་གཟུགས་ལྷ་ལས་ཡག་ཅིང་ལས་དམག་ཁྲི་ཁྲག་གི་དཔོན་པོ་བྱས་ཀྱང་གནས་ལུགས་དང་རྒྱུ་མཚན་ཡོད་པའི་ལས་ཁོ་ན་མ་གཏོགས་ཕྱོགས་རིས་དང་ཆགས་སྡང་གི་ལས་ཀྱི་གཡོ་མི་ནུས་པའི་དཔོན་མིང་གཙང་མར་འཛིན་པ་ཞིག་ཡིན་པས་ཀུན་གྱིས་བཀུར་ནས་གྲལ་གྱི་གོང་ལ་འཇོག་པའི་རྗེ་བོའི་མཚན་སྙན་ཐོབ་པའི་མི་སྣ་ཞིག་ཡིན། པཱ་དུར་ཁྲི་ཐུབ་ནམ་ལངས་ནི་ཁྲ་ཤོག་དམག་གི་རུ་དཔོན་ཡིན་ལ། འདི་ཡང་དགྲ་ཕར་འདུལ་གནམ་ལྕགས་ཀྱི་ཐོ་བ་ལྟར་ཁྲི་དམག་མང་པོ་ཆོམ་ལ་ཕང་པའི་དཔའ་བོའི་མཚན་སྙན་ཐོབ་པའི་མི་སྣ་ཞིག་ཡིན། བྱེས་འགྲོ་དྷ་ར་ཁ་དམར་ནི་ལྡེམ་པའི་ཕྱོགས་ཀྱི་དམག་དཔོན་ཞིག་ཡིན་ལ་ཁོང་ནི་རི་བྱེས་གང་དུ་དགྲ་འཐབ་ཏུ་སོང་ཡང་རང་ཉིད་མངའ་འོག་གི་དཔུང་རྣམས་ཚགས་སུ་ཚུད་ཅིང་དགྲ་ཕར་འདུལ་རྒྱལ་ཁ་ལེན་པའི་མི་སྣ་ཞིག་ཡིན་པས་འདི་གསུམ་ནི་ཁྲ་བོ་དང་ཁྲ་ཤོག་ལྡེན་པ་གསུམ་གྱི་ལས་དམག་གི་རུ་དཔོན་ཡིན་ནོ།། མི་སྣ་འདི་དག་ནང་མ་འདུས་པའི་ད་དུང་དཔའ་བོའི་མཚན་སྙན་ཐོབ་པ་ཡོད་མོད་འདིར་རྒྱལ་བློན་དང་དམག་དཔོན་ཤན་པ་པཱ་དུར་ལྔ་གཙོ་བོར་བྱས་པའི་ཧོར་རི་ཐང་ལྡེམ་གསུམ་གྱི་མི་སྣ་གཙོ་ཆེར་རྣམས་ཟུར་དུ་བཀར་ནས་བརྗོད་པ་མ་གཏོགས་ཡིག་ཚོགས་མང་བར་དོགས་ནས་འདིར་བཀོད་པའི་ངལ་བར་མ་བྱས། གཞན་ཡང་མི་སྣའི་སྐབས་འདིར་དཔྱད་གཞིའི་ཡིག་ཆ་རྣམས་ལས་རྒྱབ་བརྟེན་གྱི་ལུང་མང་དུ་ཡོད་ཀྱང་བརྗོད་གཞི་ལ་ཉོག་གཏམ་མང་འགྲོ་སྙམ་པའི་རྐྱེན་གྱིས་འདིར་དྲངས་བར་མ་བྱས་སོ།།