༄༅།།སྟོབས་ཆེན་གླང་པོ་ཁྲག་འབར་གྱིས་བླངས་པའི་གླུ།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །
བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །
མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །
ལྕགས་ནག་དམ་པའི་དགུ་སྒྲིལ་མཁྱེན། །
རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །
གཉིད་མེད་ཨ་མཆོད་གུ་རུ་མཁྱེན། །
གཟིགས་མེད་མར་མེ་ཚེ་འབར་མཁྱེན། །
དེ་ཡན་ལྷ་ལ་འདི་མཆོད་མེད། །
མཁྱེན་གཟིགས་ཨ་ཕོའི་གླུ་སྣེ་དྲོངས། །
ས་འདིའི་ས་ངོ་མ་ཤེས་ན། །
གླིང་ཨ་ཕྱི་དུག་ཐང་ནག་པོ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
ཨ་ཆེན་ཐང་བ་གྲུ་བཞི་ན། །
སེར་མོ་རག་དུག་མཁར་དགུ་ན། །
ཕུ་ལུང་རྡོ་རྗེའི་བྲག་གི་སྟེང་། །
མཛོ་མོ་རུ་རྫོང་མཁར་གྱི་བཅུད། །
སྡིག་པ་རྭ་ཙའི་བུ་སྐལ་ལས། །
ང་སྟོབས་ཆེན་གླང་པོ་ཁྲ་འབར་ཡིན། །
སྟོབས་ཆེ་ནས་དགུང་ལ་གྲགས་ལེ་ལ། །
བྱང་གནམ་མཚོའི་འགྲམ་ན་ཀླུ་བཙན་བདུད། །
ཤར་རྒྱ་ནག་ཡུལ་ན་ལྷ་ཁྲིའི་བུ། །
ཧོར་ཐང་དམར་གཞུང་ན་སྟོབས་ཆེན་པོ། །
དེ་གསུམ་ཡན་ལ་མི་གཅིག་མེད། །
གླིང་སྡུག་དཀྱིལ་ན་རྒྱ་ཚ་ཁོ། །
ལོང་བའི་ནང་ནས་མིག་བཟང་ཡིན། །
ཞ་བོའི་ཚོད་ན་རྐང་བདེ་ཡིན། །
སྡར་མའི་ཚོད་ལ་རྒོད་པོ་ཡིན། །
མཉན་བསམས་ན་ཨ་ཕོའི་གླུ་ལ་ཉོན། །
ང་སྟོབས་ཆེན་གླང་པོ་ཁྲ་འབར་འདི། །
མིང་ཅི་མ་ཡིན་ལ་བཏགས་ལེ་མིན། །
ཐོགས་དོན་རྩ་བ་བཤད་པ་ན། །
ང་ཕོ་ལོ་བཅོ་བརྒྱད་སླེབས་པའི་དུས། །
གངས་དཀར་སེངྒེ་རྐང་འཛིན་བྱས། །
གཡུ་རལ་བྲེགས་ནས་གདན་ལ་བཏིང་། །
སེང་ལྤགས་འདོ་བའི་ཁེབས་གདན་བཟོས། །
ནགས་ཙནྡན་སྟག་ལ་སྦར་འཛིན་བྱས། །
འཛུམ་དྲུག་ཐོག་ཐུབ་ཁྲབ་ཤམ་བྱས། །
མགོ་ལྤགས་མི་ཆེན་གདན་ལ་བཞག །
རྫ་རོག་པོའི་འབྲོང་ལ་ཞགས་པ་བཏབ། །
འབྲོང་སྣ་གསེར་གྱི་ཐག་པས་ཁྲིད། །
གུར་དཀར་ལྷ་ཞིང་རྨོ་དོར་བྱས། །
བྱང་ན་དམར་རྐྱང་ལ་ལག་རྙི་བཙུགས། །
དངུལ་སྲབ་བསྐོན་ནས་གསེར་སྒ་བསྟད། །
རྒྱལ་པོའི་ན་བཟའི་ཁལ་ལ་ཕུལ། །
མཐོ་བྱ་ལམ་ཁྱུང་ཆེན་མདའ་ཡིས་བསད། །
ཁྱུང་རྭ་སྐྱེམས་འབར་དམ་བེ་བཟོས། །
ཁྱུང་གཤོག་རྒྱལ་པོའི་མདའ་ལ་ཕུལ། །
ཧོར་ཆུའི་གཞུང་ནས་ཉ་ཆེན་བཟུང་། །
ཉ་སོགས་ཨ་ཟའི་གའུ་བཟོས། །
ཉ་ཤ་ཤན་པའི་མཚར་བཟས་བྱས། །
ཕོ་ལོ་ཉི་ཤུ་ཟིན་པའི་དུས། །
ཉིན་གཅིག་སེར་པོ་སྤང་ལ་སོང་། །
ཤ་ཕོ་ཆེན་བཅོ་བརྒྱད་ནོམ་ལ་བླངས། །
ཉིན་གཅིག་རི་ཐང་མཚམས་ལ་སོང་། །
སྤྱང་ཨ་ཐང་བཅུ་གསུམ་ཀླད་ཁྲག་བསྐམས། །
སྤྱང་ཐུལ་མེར་བ་དེ་དུས་བཟོས། །
སྟོབས་ཆེན་ཟེར་བ་དེ་ནས་ཐོགས། །
ཉེར་གཅིག་ལོ་ངོ་ལོན་པའི་དུས། །
གླང་ཆེན་སྨྱོན་པ་ཞགས་པས་བཀྱིགས། །
ཁུ་ཚུར་གཅིག་གིས་སྣ་ལ་བསད། །
ཁྲ་ཧོར་བ་དགུང་ནད་སྦར་འཛིན་བྱས། །
ན་ཆེན་སྟོང་ལྡན་མེ་ལྕེས་བསྲེག །
ཕུ་གཅིག་བཏབ་པས་མེ་ལྕེ་ཆད། །
གླང་པོ་ཁྲ་འབར་དེ་ནས་ཐོགས། །
དེ་རིང་ཉི་མའི་གདོང་གང་ལ། །
གླིང་སྒར་ཁྲ་མོའི་གཞི་དཀྱིལ་ནས། །
ཕོ་ང་ལ་འགྲན་ན་ཐོན་ལ་ཤོག །
རྒྱ་ཚ་ཡིན་ནམ་ལ་དཀར་ཤོག །
བྱང་ཁྲ་ཡིན་ནམ་འདན་མ་ཤོག །
ཆོས་ལུ་ཡིན་ནམ་དར་འཕེན་ཤོག །
སེང་སྟག་ཡིན་ནམ་དོམ་ཆུང་ཤོག །
སྟག་རོང་ཡིན་ནམ་གཟིག་འཕེན་ཤོག །
མདའ་ཉག་ཕྲན་མཐེབ་ཤེད་སུ་ཆེ་བལྟ། །
མདུང་སྐྱ་རིང་འཁྲུལ་འཁོར་སུ་མཁས་བསྡུར། །
མཚོན་ངར་མའི་སོ་ཁ་གང་རྣོ་བལྟ། །
རྟ་འདོ་བའི་བང་ཁ་སུ་མགྱོགས་ཚད། །
ཨ་ཅང་བསྡུར་རྒྱུ་ག་ན་ཡོད། །
གངས་དཀར་སྟེང་ན་སེངྒེ་དང་། །
གྲོང་གསེབ་ཁྱི་ནག་བསྡུར་རྒྱུ་མེད། །
ཐང་དཀར་རྒོད་པོའི་གཤོག་རྩལ་དང་། །
ཁྭ་ཏའི་འཕུར་རྩལ་བསྡུར་རྒྱུ་མེད། །
ཕོ་ཆེན་ཤ་བའི་རྭ་ཅོ་དང་། །
གླང་རོག་རུ་ཆུང་མཉམ་ས་མེད། །
སྨུག་ཆུང་དྲེལ་གྱི་ཁལ་ཤེད་དང་། །
བོང་རྒན་འདུར་རྒྱུག་འགྲན་ས་མེད། །
སྟོབས་ཆེན་དཔའ་བོ་གཞི་རྒོད་དང་། །
གླིང་ཕོ་རྒྱུགས་ཁ་རྒོད་བསྡུར་ས་མེད། །
དེ་རིང་རྟིང་མའི་ཕྱིར་བཞག་ན། །
ཆེ་བ་གླིང་སྒར་ཁ་བཞིར་གཏོར། །
ཆུང་བ་དཔའ་རྟུལ་མགོ་སྐེ་ལེན། །
ཅི་མ་ཡིན་ལ་སྡོད་རྒྱུ་མིན། །
ད་སྔ་ཉི་མའི་ཕན་ཆད་ལ། །
ཧོར་བསད་བསད་ཞེ་བཅད་ནས་བྱུང་། །
ཉི་མ་དེ་རིང་ཕྱིན་ཆད་ལ། །
བརྙས་བཞག་ལར་ནས་འཁུར་རྒྱུ་མིན། །
ལས་དེ་བྱས་ལན་པོ་སྤྲོད་རྒྱུ་ཡིན། །
གླིང་གི་ཝ་བརྟུལ་སུམ་ཅུ་པོ། །
མགོ་དར་འཕྲུ་ཤ་ལེ་འབྲེག་རྒྱུ་ཡིན། །
འབྲུག་མོ་རེག་དུག་མགོ་ཁྲ་མ། །
ཡ་ཐོད་མ་ཁ་འབྱེད་རྒྱུ་ཡིན། །
མཁར་སེང་ཕྲུག་ཡུལ་གྱི་རྒྱན་ཆ་རྣམས། །
བྱང་རྟ་རྣ་ཧྲུག་གེར་བཤིག་རྒྱུ་ཡིན། །
གླིང་ལས་ཟོག་ནོར་བུ་སྣ་ལྔ་དེ། །
དེ་བྱས་ནོམ་ལ་ལེན་རྒྱུ་ཡིན། །
གླིང་དཔེ་མེད་དུང་གི་མཆོད་རྟེན་ལ། །
ཧོར་ལུང་མེད་སོལ་བ་གཏོར་ངེས་ཡིན། །
དགའ་དོ་བསམ་མམ་སྡུག་དོ་བསམ། །
གླིང་དཀར་གེ་སར་མིང་པོ་ཆེ། །
ས་ནག་པོའི་ཞབས་ལ་གཏོང་རྒྱུ་ཡིན། །
གླུ་འཁྲུལ་བར་སོང་ན་མཐོལ་ལོ་བཤགས། །
ངག་འཆལ་བར་སོང་ན་བཟོད་པར་བཞེས། །
གླིང་ཝ་མོས་ཉོན་ལ་ད་ལྟ་ལོངས། །
ཞེས་ཟེར་བ་དང་།