འབུམ་པའི་རྒྱ་ཚ་ཞལ་དཀར་གྱིསགབཐལངས་པའོ་གླུ།

ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་ཀྱི་སྟོད་ཆ་ལས་དྲངས།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༧ ཚེས་ ༣༡

་འབུམ་པའི་ཞལ་ལུ་དཀར་པོ་དེ་ཉིད་ཁྲོ་བོ་བགེགས་ཀྱི་སྟེང་དུ་ཆས་པ་ལྟ་བུར་ཐུགས་འཁྲུགས་ཏེ་ཕར་མདའ་རྒྱང་གང་ལྷག་ཙམ་སྔོན་ལ་ཐོན་ནས། རྣོན་པོ་ཡ་ཟི་སྐར་ཕྲན་གྱི་མགོ་ཕུད་ནས་སྟོང་འཇུག་དང་དྲི་བཤད་གཞན་མེད་པར་གླུ་འདི་ལྟར་བཞེངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་ལེན་པ་དགུང་སྔོན་དབྱིངས་ནས་ལེན། །

   ལྷ་གོང་མའི་དབུ་འཕང་དགུང་ལས་མཐོ། །

   ངག་འགུགས་པར་བར་སྣང་ཁམས་ལ་འགུགས། །

   ཕོ་དཔའ་བོའི་བློ་གཞི་དབྱིངས་ལས་ཆེ། །

   ཚིག་བཅད་པ་ཁྲོ་ཆུ་ངར་ལ་བཅད། །

   རྒོད་པོའི་སྙིང་སྟོབས་ཁྲོ་ལས་ངར། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཧོར་གླིང་དཀར་ནག་ས་མཚམས་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །།

   གླིང་དཀར་མཐོང་བ་ཀུན་སྨོན་ནས། །

   རྨ་རི་བོ་བཞི་ཡི་འདུས་མདོ་ན། །

   དངུལ་ཆུ་ཁྲོ་རྫོང་ནང་བཅུད་ལ། །

   ཞལ་ལུ་གཡུ་འབྲུག་སྔོན་མོ་ཡིན། །

   བལ་གདན་གསེར་སྒའི་ནང་བཅུད་ལ། །

   རྒྱ་བྱ་ཁྱུང་ཆེན་མཁའ་ལ་ལྡིང་། །

   ཤུབས་སྔོན་པ་ཏྲའི་ནང་བཅུད་ལ། །

   ཡ་ཟི་ཁྲག་འཐུང་ཤི་བདུད་ཤོར། །

   ལི་རྨོག་གླིང་བརྒྱད་ཡང་སྟེང་ནས། །

   དར་འཕྲུ་རྒོད་འཕྲུ་ཉི་ཟླ་འགྲན། །

   ཧོར་གླིང་ས་ཕྱེད་རི་མཚམས་ན། །

   དཔའ་བརྟུལ་ཞེ་རྒོད་གཏིང་ནས་འཁྲུག །

   འབུག་དམག་ཡ་རྩེའི་དཔུང་བ་རྣམས། །

   སྡར་མའི་སེམས་རྩ་ཆུ་ལ་བྱས། །

   ཉོན་དང་ཡ་རྩེའི་རྒྱལ་བློན་རྣམས། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   དབྱར་གསུམ་ཆུ་བོ་མར་འབབ་དེ། །

   ཆེ་བསམ་ས་གཞི་ཧུབ་ཀྱིས་འདྲེན། །

   རྒྱ་ཟམ་འདོམ་གྱིས་མི་སླེབས་ཏེ། །

   དགུན་ཁ་འཁྱག་པའི་གཉའ་ལམ་ན། །

   བརྒྱ་སྡེ་རྐང་ཆུང་གར་སྤོ་རེད། །

   དགུན་གསུམ་ཁ་བ་མར་འབབ་དེ། །

   ངར་བསམ་རི་ཀླུང་གྲང་ལ་བཀོད། །

   བསྐལ་བའི་མེ་ལྕེ་མི་དྲོས་ཏེ། །

   དཔྱིད་གསུམ་ཉི་མའི་འོད་ལམ་ལ། །

   མཐོན་པོའི་ལམ་ནག་གར་བཏོད་རེད། །

   ཧོར་འབུམ་དམག་དཔུང་བ་ཚུར་ཆས་འདི། །

   མང་བསམ་གླིང་དཀར་བྲེལ་ལ་བཀོད། །

   མང་སྣེ་ཉུང་གིས་མ་བརྟེན་ཀྱང་། །

   རང་ཡུལ་འགྲོ་དུས་འབུམ་དམག་ཟད། །

   ཧོར་ཐང་ཟུར་ནས་ལག་སྡིག་བགོ །

   དཔའ་བརྟུལ་ཆོས་དོན་གང་འགྲུབ་རེད། །

   དེ་རིང་ཉི་མའི་གདོང་གང་ལ། །

   སྤྱི་དགྲ་གུར་དཀར་འཕུང་རྒན་ཁོ། །

   ཡ་ཟིའི་ཁ་ལ་མ་བགོས་པར། །

   མིན་ན་སྟོང་ཤོང་འབྲུག་སྒྲ་དང་། །

   ཁྲ་འབར་མཆོང་ལྷ་སྨུག་མོ་གསུམ། །

   དེ་བྱས་དེ་ལན་མ་འཕྲོད་པར། །

   ཤ་ལན་དྲོན་མོ་མ་ཟོས་པར། །

   ཁྲག་ལན་ཚ་མོ་མ་འཐུངས་པར། །

   ཞལ་དཀར་གདན་ལ་བཞུགས་རྒྱུ་མིན། །

   ད་དུང་དེ་ཡིས་མི་ཚད་པའི། །

   ཧོར་དཀར་རྔ་མའི་འཕྲུ་དཀར་ཅན། །

   གངས་རི་སྤ་ལོའི་རྩེ་ལ་འདེད། །

   ཧོར་ནག་རྔ་མའི་འཕྲུ་ནག་ཅན། །

   སོལ་རི་ནག་མོའི་ཟུར་ལ་འདེད། །

   ཧོར་སེར་རྔ་མའི་འཕྲུ་སེར་ཅན། །

   སྤང་རི་སེར་པོའི་ལོགས་ལ་འདེད། །

   ཤན་པ་འཕྲུ་དམར་ཁྲག་གི་མཚོ། །

   ཅོག་ལྷའི་ཟུར་ནས་ཡེ་མེད་བཟོ། །

   དེ་མིན་རི་ཐང་ཤོག་ཁ་བརྒྱད། །

   ཧོར་ཆུ་ཁམ་པའི་གཞུང་ལ་འདེབས། །

   ཡ་རྩེའི་ཁྲབ་རྫོང་མན་ཆད་ཀྱི། །

   རྫོང་དང་བུམ་ཆུང་མེ་ལ་བསྲེག །

   ཧོར་ཐང་དམར་ཕོ་བཞི་ལིང་འདི། །

   སྒང་གཤོང་མེད་པར་མི་རོ་བཟོ། །

   ཧོར་ཐང་ཁྲག་གིས་བཀང་ལེ་བྱེད། །

   ཧོར་ཆུ་རོ་ཡིས་བཀང་ལེ་བྱེད། །

   འབྲུག་མོ་མི་ནོར་རང་ཐོགས་རྣམས། །

   མི་འཇོག་གླིང་དཀར་སྟོད་ལ་འདྲེན། །

   དེ་མིན་ཐོད་པས་མ་བཀོད་ན། །

   དཔའ་བརྟུལ་ཤི་འཕྲོ་གསོན་རྟིང་རྣམས། །

   ཡ་རྩེའི་མཁར་ལ་དུར་ས་བཅའ། །

   གུར་དཀར་དཔོན་དང་སྔས་སྤྲོད་བྱེད། །

   དེ་མ་བྱུང་དཔའ་བརྟུལ་སྡོད་རྒྱུ་མིན། །

   རྟ་འདོ་བ་ད་རྒྱུག་རྒྱ་བྱ་ལོ། །

   མཚོན་རལ་གྲི་ངར་ལོང་ཡ་ཟི་ཁྱོད། །

   དཔའ་བོ་ད་མཆོང་ཞལ་དཀར་དཔོན། །

   ལྷ་ཚེ་དཔག་མེད་ཀྱིས་མ་བསླུ་དང་། །

   ཧོར་འབུམ་དམག་ཅི་བྱེད་ང་རང་ཤེས། །

   སྤྲིན་ནག་རླུང་གིས་གཏོར་འདྲ་གཅིག །

   རམ་ནག་སེར་བས་བརྡུངས་འདྲ་གཉིས། །

   ས་ནག་ཆུ་ཡིས་བཤལ་འདྲ་གསུམ། །

   མ་བྱས་ཞག་དཀར་ཁྱི་དང་འདྲ། །

   འབུམ་དམག་དཔུང་བའི་དཀྱིལ་ཤེད་ན། །

   འགའ་རེ་ལུས་ཡོད་སྲོག་ཟད་ཡིན། །

   འགའ་རེ་བློ་ཡོད་ཚེ་ཟད་ཡིན། །

   ད་ལྟ་གསོན་མིག་ཁྲ་ཆུང་དེ། །

   ཉི་མ་དམར་ཐག་ཆོད་པས་ན། །

   ཤི་མིག་སྔོན་མོ་ཨ་བ་རེ། །

   དགའ་བསམ་ཡོད་དམ་སྡུག་དོ་བསམ། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འབྲེལ་བ་ཞུ། །

   ཧོར་དམག་ཡིད་ལ་དེ་འདྲ་ཞོག །