༄༅།།འབྲུག་མོས་ས་དཔྱད་འདྲི་བའི་གླུ་
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་རེ་རེ་མི་ལེན་ཐབས་མེད་རེད། །
སྐྱིད་ན་ཇ་ཆང་མཚར་གླུ་ལེན། །
སྡུག་ན་རང་སེམས་སྐྱོ་གླུ་ལེན། །
བྱ་ཁུ་བྱུག་སྔོན་མོའི་གསུང་སྙན་དེ། །
ཤིང་ལོ་མ་རྒྱས་དུས་སྐྱིད་གླུ་ལེན། །
སྟོན་བ་མོའི་ཟིལ་བ་ཆགས་དུས་སུ། །
ས་ཡུལ་ཕྱོགས་བརྗེ་བའི་སྐྱོ་གླུ་ལེན། །
བྱ་ངང་བ་སེར་པོའི་མགྲིན་དབྱངས་དེ། །
མཚོ་སྔོན་མོ་རྒྱས་དུས་སྐྱིད་གླུ་ལེན། །
དགུན་གྲང་བས་འཁྱག་རོམ་ཆགས་དུས་སུ། །
མཚོ་ཁ་དོག་འགྱུར་བའི་སྐྱོ་གླུ་ལེན། །
འབུ་བུང་བ་གཤོག་འགྱུར་བྱེད་པ་དེས། །
སྤང་མེ་ཏོག་རྒྱས་དུས་སྐྱིད་གླུ་ལེན། །
སྤང་སྔོ་ལྗང་ཁ་དོག་འགྱུར་བའི་དུས། །
གནས་པད་ཚལ་བསྐྱུར་བའི་སྐྱོ་གླུ་ལེན། །
ཕ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ངས། །
སྐད་དགུ་སིང་གླུ་ཡི་དྲུག་འགྱུར་འདི། །
ཤར་ཁྲ་བོ་གླིང་གི་ས་ཆ་ནས། །
གླིང་སེང་ཆེན་དགྱེས་པའི་སྐྱིད་གླུ་ལེན། །
ས་ཧོར་སེར་འདྲེ་ཡུལ་འདི་ཉིད་ནས། །
གླིང་ཕ་ཡུལ་དྲན་པས་སྐྱོ་གླུ་ལེན། །
ཕ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ངའི། །
སེམས་ཁྲ་མོ་གངས་ཀྱི་རི་རྩེ་ནས། །
སྐྱོ་ལྷང་ངེ་སྨུག་ཞགས་འཐིབ་འཐིབ་བྱུང་། །
མགར་ཆོས་དར་རྒྱལ་པོའི་བུ་ཚབ་ལ། །
ས་དཔེ་བཞག་འདི་འདྲའི་སྐྱོ་གླུ་ལེན། །
རི་རྩེ་མོ་དགུང་ལ་བསྙེགས་འདྲ་ན། །
མདུང་བ་དན་དར་སྣས་བརྒྱན་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
རི་མཐོན་པོ་དགུང་ལ་ཟུག་འདྲ་གཉིས། །
དར་དཀར་པོའི་ཡོལ་བ་བརྒྱངས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
རི་རྒྱལ་པོ་གདན་ལ་བཞུགས་འདྲ་ན། །
མཁར་ཟུར་ཆེན་སྒོ་བཞི་བརྩེགས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
ས་ཕུ་གསུམ་འདུས་པའི་གོང་བ་ན། །
ཕོ་རྒོད་པོས་གཡུ་རྨོག་གྱོན་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
ས་ཕུ་གསུམ་འདུས་པའི་རྩེ་མོ་ན། །
མདུང་སྐྱ་རེངས་དགུང་ལ་འཕྱར་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
སྤང་དཀར་མོའི་རི་ཡི་རྩེ་མོ་ན། །
བུ་དཔའ་བོས་དུང་རྨོག་གྱོན་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
སྤང་དཀར་པོ་ཉི་རྩེ་ཤར་འདྲ་ན། །
ལྷའི་བུ་མོས་མེ་ཏོག་བཟུང་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
བྲག་དཀར་པོ་མཁར་ཆེན་བརྩིགས་འདྲ་ན། །
དྲེལ་སྨུག་པོ་དགུང་ལ་འཕྱོ་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
རི་མཐོན་པོའི་གྲིབ་སོ་གཡོ་འདྲ་ན། །
མདའ་ཉག་ཕྲན་མང་པོ་བཙུགས་འདྲ་བོ། །
ས་དེ་འཕྲོ་དེ་ཡི་གོང་རོལ་ན། །
ས་ཕུ་གསུམ་འདུས་པའི་གོང་བ་ན། །
སྟག་དམར་ཡག་འཛུམ་དྲུག་ངོམ་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྤང་དཀར་པོ་ཁ་རྒྱམ་ཆེ་བ་ན། །
སྟག་མ་ཤི་པགས་པ་བརྒྱངས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
ཤར་དུང་རི་དཀར་པོའི་རྩེ་མོ་ན། །
ནམ་སྐྱ་རེངས་མཐའ་ནས་ལངས་འདྲ་བོ། །
ས་དེ་མི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
ས་ཕུ་དྲུག་འདུས་པའི་འདུས་མདོ་ན། །
གཞུང་ལུང་བཞིའི་ཆུ་ཆེན་འདུས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
ས་ཕུ་དྲུག་འདུས་པའི་གོང་བ་ན། །
སེང་དཀར་མོས་འགྱིང་རྩལ་ངོམ་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
ས་ཕུ་དྲུག་འདུས་པའི་གོང་བ་ན། །
དར་དཀར་པོའི་བང་མཛོད་སྤུངས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
ས་ལུང་གསུམ་འདུས་པའི་ལུང་མདོ་ན། །
ལྷ་ཚངས་པ་གདན་ལ་བཞུགས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྤང་བདེ་བ་གཡང་གི་ར་བ་ན། །
ལུག་གཡང་དཀར་རྩྭ་ལ་བཀྲམ་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
ས་ལུང་གསུམ་འདུས་པའི་གོང་བ་ན། །
ལྕགས་སྔོན་མོའི་ཨ་ལོང་བརྩེགས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
ས་ལུང་གསུམ་འདུས་པའི་ལུང་མདོ་ན། །
སྤྱང་སྔོན་མོ་གཟན་ལ་འདུར་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་བར་སྐེད་ན། །
སེང་དཀར་མོའི་སེང་འབྲུག་འགྱིངས་འདྲ་ན། །
འབྲུག་སྔོན་མོ་དགུང་ལ་མཆོངས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཤར་ཕྱོགས་ན། །
ཐང་ཡངས་དཀྱིལ་འཁོར་བཤམས་འདྲ་ན། །
མཆོང་སྨུག་པོ་གྲུ་བཞི་བརྩེགས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་ལྷོ་ཕྱོགས་ན། །
ས་ལུང་གསུམ་འདུས་པའི་འདུས་མདོ་ན། །
བུ་ཕྱུག་པོས་ལུག་ཁྱུ་བསྐོར་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་ལྷོ་སྟོད་ན། །
ས་ལུང་གསུམ་འདུས་པའི་གོང་བ་ན། །
བྲག་དམར་པོར་རྒོད་ཚང་བཅོས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་ནུབ་སྨད་ན། །
ས་ལུང་གསུམ་འདུས་པའི་འདུས་མདོ་ན། །
སེང་དཀར་མོ་གཡུ་རལ་རྒྱས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཞི་དཀྱིལ་ན། །
ས་ཡངས་པ་གཡུ་མཚོ་འཁྱིལ་འདྲ་ན། །
རྒོད་ཐང་སྨུག་ཁྱུ་གཅིག་བབས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
ས་ཕུ་གསུམ་འདུས་པའི་གཞི་དཀྱིལ་ན། །
ཁྲ་ཧོར་བ་ཁྱུ་གཅིག་བབས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
ས་ལུང་དྲུག་འདུས་པའི་འདུས་མདོ་ན། །
ལྕགས་ཁྲོ་ཆུ་དགུང་ལ་འཕྱུར་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
རི་སྨུག་པོ་འཇའ་ཚོན་འཁྱིལ་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
རི་སེར་པོ་བེའུ་ལྡིང་འཐེན་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
གངས་དཀར་པོ་མཆོད་རྟེན་བརྩེགས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
བུ་དཔའ་བོས་གསེར་རྨོག་གྱོན་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྟག་དམར་ཡག་ནགས་ལ་མཆོངས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
སེང་དཀར་མོས་སེང་འབྲུག་ཁྲིད་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
བུ་དཔའ་བོས་ལྕགས་ཁྲབ་གྱོན་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
མཆོང་སྨུག་པོའི་བ་གམ་བརྩེགས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
གཡག་རོག་པོས་ས་མདོ་བཀག་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་གོང་རོལ་ན། །
གསེར་སེར་པོའི་ཨ་ལོང་བརྩེགས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་བར་སྐེད་ན། །
བྲག་དམར་པོ་དགུང་ལ་འཕྱུར་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
རྗེ་རྒྱལ་པོས་དར་ཐོད་བཅིངས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྟག་དམར་ཡག་འཛུམ་དྲུག་ངོམ་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
གངས་དཀར་པོ་སེང་ཆེན་འགྱིངས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
སྤང་གསེར་གཞོང་འོ་མས་བཀང་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ཡི་བར་སྐེད་ནས། །
སྤང་དཀར་པོར་འབྲས་དཀར་གཏོར་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
རི་མཐོན་པོ་སྨུག་ཞགས་འཐིབས་འདྲ་བོ། །
ས་དེ་ཡི་མིང་ལ་ཅི་འདྲ་ཟེར། །
ང་འབྲུག་མོའི་སྐྱོ་བ་སངས་པའི་ཆེད། །
ས་གང་དྲིས་མིང་དེ་སོ་སོར་ཤོད། །
ཟེར་བ་དང་ཐང་རྙེད་ཀྱིས་གླུ་འདི་ལྟར་བླངས་པར་གདའོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
སྐྱབས་སངས་རྒྱས་ཆོས་དང་དགེ་འདུན་གསུམ། །
བསླུ་མེད་དཀོན་མཆོག་རིན་ཆེན་ལ། །
བློ་རྩེ་གཅིག་ཡིད་ཀྱིས་གསོལ་བཏབ་མཐུས། །
སྨན་སེང་ལྕམ་སྐྱོ་སེམས་སངས་པར་ཤོག །
བྱ་ཁུ་བྱུག་སྐྱིད་གནས་ནགས་ཚལ་རེད། །
དེ་བསྐྱུར་ནས་འགྲོ་ཁའི་རྒྱང་གླུ་ལ། །
ཡུལ་དེ་ཡི་སེམས་ཅན་ལོས་ཀྱང་སྐྱོ། །
སེམས་མེད་པའི་ནགས་ཚལ་མདོག་འགྱུར་ནས། །
སྐྱ་ཤ་ལེ་འགྲོ་བ་སྐྱོ་རྟགས་ཡིན། །
བྱ་ངང་བའི་སྤྲོ་གནས་མཚོ་མོ་རེད། །
དེ་བསྐྱུར་ནས་འགྲོ་བའི་རྒྱང་གླུ་ལ། །
གནས་དེ་ཡི་སེམས་ཅན་ལོས་ཀྱང་སྐྱོ། །
སེམས་མེད་པའི་མཚོ་ཆུ་རླབས་ཉམས་ནས། །
དཀར་ལྡེམ་མེ་འགྲོ་བ་སྐྱོ་རྟགས་ཡིན། །
འབུ་བུང་བའི་སྤྲོ་གནས་སྤང་ལྗོངས་ཚལ། །
དེ་བསྐྱུར་ནས་འགྲོ་ཁའི་རྒྱང་གླུ་ལ། །
སེམས་ཡོད་པའི་སེམས་ཅན་ལོས་ཀྱང་སྐྱོ། །
སེམས་མེད་པའི་རྩི་ཤིང་སྐམ་པ་ནས། །
སྐྱ་བུང་ངེ་འགྲོ་བ་སྐྱོ་རྟགས་ཡིན། །
གླིང་མཐོང་བ་ཀུན་སྨོན་སྐྱིད་གནས་དེར། །
འདུག་རང་དབང་མེད་པར་བཙན་གྱིས་འཕྲོགས། །
ཧོར་སེར་པོའི་ཡུལ་དུ་འཁྱར་དུས་འདིར། །
སྨན་སེང་ལྕམ་འབྲུག་མོ་ལོས་ཀྱང་སྐྱོ། །
དོན་དེ་ཕྱིར་སེང་ལྕམ་འབྲུག་མོ་ཁྱོད། །
སེམས་ཁྲ་མོ་གངས་ཀྱི་རི་རྩེ་ནས། །
སྐྱོ་ལྷང་ངེ་སྨུག་ཞགས་འཐིབ་བཞིན་དུ། །
གླིང་མཐོང་བ་ཀུན་སྨོན་དྲན་གླུ་ལ། །
ང་ཐང་རྙེད་ས་མཐར་འཁྱར་བ་ཡིས། །
ཞེ་སྐྱོ་བའི་གླུ་ལན་འདི་འདྲ་ཡིན། །
ཁྲ་ལྷང་ངེ་གླིང་གི་ས་ཆ་ན། །
རི་རྩེ་མོ་དགུང་ལ་བསྙེགས་འདྲ་ན། །
མདུང་བ་དན་དར་སྣས་བརྒྱན་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ཤར་རྨ་རྒྱལ་སྤོམ་རའི་རྩེ་མོ་རེད། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
རི་མཐོན་པོ་དགུང་ལ་ཟུག་འདྲ་གཉིས། །
དར་དཀར་པོའི་ཡོལ་བ་བརྒྱངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་རྩེ་ལྷའི་དར་དཀར་ཡོལ་བ་རེད། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
རི་རྒྱལ་པོ་གདན་ལ་བཞུགས་འདྲ་ན། །
མཁར་ཟུར་ཆེན་སྒོ་བཞི་བརྩེགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ཤར་རྨ་རྒྱལ་སྤོམ་རའི་ཕོ་བྲང་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
ས་ཕུ་གསུམ་འདུས་པའི་གོང་བ་ན། །
ཕོ་རྒོད་པོས་གཡུ་རྨོག་གྱོན་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་གཡུ་ལྷ་ཕུ་ཡི་སྔོ་རྩེ་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
ས་ཕུ་གསུམ་འདུས་པའི་རྩེ་མོ་ན། །
མདུང་སྐྱ་རིང་དགུང་ལ་འཕྱར་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ཤར་དགྲ་རྒོད་ཕུ་ཡི་མདུང་རྩེ་རེད། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
སྤང་དཀར་མོའི་རི་ཡི་རྩེ་མོ་ན། །
བུ་དཔའ་བོས་དུང་རྨོག་གྱོན་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ལ་དཀར་པོ་ཕུ་ཡི་མདུང་རྩེ་རེད། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
སྤང་དཀར་པོ་ཉི་རྩེ་ཤར་འདྲ་ན། །
ལྷའི་བུ་མོས་མེ་ཏོག་བཟུང་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་ཉིན་གྱི་མེ་ཏོག་དགུ་བསྒྲིགས་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
བྲག་དཀར་པོ་མཁར་ཆེན་བརྩིགས་འདྲ་ན། །
དྲེལ་སྨུག་པོ་དགུང་ལ་འཕྱོ་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་འོག་རྟ་ཕ་བོང་དྲེལ་དཀར་རེད། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
རི་མཐོན་པོ་གྲིབ་སོ་གཡོ་འདྲ་ན། །
མདའ་ཉག་ཕྲན་མང་པོ་བཙུགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་སྲིབ་ཀྱི་ནགས་རྒྱལ་ཕྱུག་མོ་རེད། །
ས་དེ་འཕྲོ་དེ་ཡི་གོང་རོལ་ན། །
ས་ཕུ་གསུམ་འདུས་པའི་གོང་བ་ན། །
སྟག་དམར་ཡག་འཛུམ་དྲུག་ངོམ་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་ཀ་ལི་སྟག་ཐང་གོང་མ་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྤང་དཀར་པོ་ཁ་རྒྱམ་ཆེ་བ་ན། །
སྟག་མ་ཤི་པགས་པ་བརྒྱངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་དེལ་ཡག་སྟག་ཐང་ཁྲ་མོ་རེད། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
ཤར་དུང་རི་དཀར་པོའི་རྩེ་མོ་ན། །
ནམ་སྐྱ་རེངས་མཐའ་ནས་ལངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་ཁྲ་སྟོད་ནམ་མཁའ་ལངས་པ་རེད། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
ས་ཕུ་དྲུག་འདུས་པའི་འདུས་མདོ་ན། །
གཞུང་ལུང་བཞིའི་ཆུ་ཆེན་འདུས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་རི་མོ་བཞི་ཡི་འདུས་མདོ་རེད། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
ས་ཕུ་དྲུག་འདུས་པའི་གོང་བ་ན། །
སེང་དཀར་མོའི་འགྱིང་རྩལ་ངོམ་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་རྨ་ཆུ་སེངྒེ་འགྱིང་པ་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
ས་ཕུ་དྲུག་འདུས་པའི་གོང་བ་ན། །
དར་དཀར་པོའི་བང་མཛོད་སྤུངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་ཕུ་དྲུག་དར་ལུང་ཕྱུག་མོ་རེད། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
ས་ལུང་གསུམ་འདུས་པའི་འདུས་མདོ་ན། །
ལྷ་ཚངས་པ་གདན་ལ་བཞུགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་རྨ་སྨད་ལྷ་ལུང་སུམ་མདོ་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྤང་བདེ་བ་གཡང་གི་ར་བ་ན། །
ལུག་གཡང་དཀར་རྩྭ་ལ་བཀྲམ་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་རྨ་སྨད་ལུ་གུའི་རྩེ་ར་རེད། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
ས་ལུང་གསུམ་འདུས་པའི་གོང་བ་ན། །
ལྕགས་སྔོན་མོའི་ཨ་ལོང་བརྩེགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་ཆེན་ཁུག་སོ་གཡས་འཁྱིལ་ནས། །
ཆུ་ཡར་འབབ་ཨ་ལོང་ལིང་ལིང་རེད། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
ས་ལུང་གསུམ་འདུས་པའི་འདུས་མདོ་ན། །
སྤྱང་སྔོན་མོ་གཟན་ལ་འདུར་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
རྨ་ཆུ་ཆེན་ཁུགས་སོ་གཡོན་འཁྱིལ་ནས། །
ཆུ་མར་འབབ་སྤྱང་མོ་འདུར་འདུར་རེད། །
ས་དེ་འཕྲོ་དེ་ཡི་བར་སྐེད་ན། །
སེང་དཀར་མོའི་སེང་འབྲུག་འགྱིངས་འདྲ་ན། །
འབྲུག་སྔོན་མོ་དགུང་ལ་མཆོངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱི། །
དཔལ་སྐུ་མཁར་སེང་འབྲུག་སྟག་རྩེ་རེད། །
ས་དེ་འཕྲོ་དེ་ཡི་ཤར་ཕྱོགས་ན། །
ཐང་ཡངས་པ་དཀྱིལ་འཁོར་བཤམས་འདྲ་ན། །
མཆོང་སྨུག་པོ་གྲུ་བཞི་བརྩེགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ཤར་ཇ་མཁར་སྨུག་པོ་རིང་མོ་རེད། །
ས་དེ་འཕྲོ་དེ་ཡི་ལྷོ་ཕྱོགས་ན། །
ས་ལུང་གསུམ་འདུས་པའི་འདུས་མདོ་བ། །
བུ་ཕྱུག་པོས་ལུག་ཁྱུ་བསྐོར་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་ལྷ་ཡི་བླ་མཁར་ཕྱུག་མོ་རེད། །
ས་དེ་འཕྲོ་དེ་ཡི་ལྷོ་སྟོད་ན། །
ས་ལུང་གསུམ་འདུས་པའི་གོང་བ་ན། །
བྲག་དམར་པོར་རྒོད་ཚང་བཅོས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་སྐུ་མཁར་རྒོད་ཚང་ཁ་གཡེར་རེད། །
ས་དེ་འཕྲོ་དེ་ཡི་ནུབ་སྨད་ན། །
ས་ལུང་གསུམ་འདུས་པའི་འདུས་མདོ་ན། །
སེང་དཀར་མོ་གཡུ་རལ་རྒྱས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་སྐུ་མཁར་སྟོང་ཤོང་དཀར་མོ་རེད། །
ས་དེ་འཕྲོ་དེ་ཡི་གཞི་དཀྱིལ་ན། །
ས་ཡངས་པ་གཡུ་མཚོ་འཁྱིལ་འདྲ་ན། །
རྒོད་ཐང་སྨུག་ཁྱུ་གཅིག་བབས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
མཁར་མི་འགྱུར་སྨུག་པོ་མགུལ་དཀྲིས་རེད། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
ས་ཕུ་གསུམ་འདུས་པའི་གཞི་དཀྱིལ་ན། །
ཁྲ་ཧོར་བ་ཁྱུ་གཅིག་བབས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི། །
མཁར་ཁྲ་སྟོད་གནམ་རྫོང་ཕྱུག་མོ་རེད། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
ས་ལུང་དྲུག་འདུས་པའི་འདུས་མདོ་ན། །
ལྕགས་ཁྲོ་ཆུ་དགུང་ལ་འཕྱུར་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི། །
མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
རི་སྨུག་པོ་འཇའ་ཚོན་འཁྱིལ་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་ཡ་མེད་སེང་སྟག་ཨ་དོམ་གྱི། །
མཁར་མི་འགྱུར་སྨུག་པོ་གཅུག་དཀྲིས་རེད། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
རི་སེར་བོ་བེའུ་ལྡིང་འཐེན་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ཕོ་རྒོད་པོ་ཨ་ནུ་གཟིག་འཕེན་གྱི། །
མཁར་མི་འགྱུར་བེའུ་སྟག་རྫོང་རེད། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
གངས་དཀར་པོའི་མཆོད་རྟེན་བརྩེགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་མི་འགྱུར་རོང་ཚ་དམར་ལེབ་ཀྱི། །
མཁར་མི་འགྱུར་བྱུ་རུའི་ལྷ་རྩེ་རེད། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
བུ་དཔའ་བོས་གསེར་རྨོག་གྱོན་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ལྡོང་མི་འགྱུར་ཆོས་ལུ་དར་འཕེན་གྱི། །
མཁར་བཙན་པོ་གའུ་གསེར་རྫོང་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྟག་དམར་ཡག་ནགས་ལ་མཆོངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ཕོ་རྒོད་པོ་གདོང་བཙན་ཨ་དཔལ་གྱི། །
མཁར་མི་འགྱུར་གྲུ་གུ་གནམ་རྫོང་རེད། །
ས་དེ་འཕྲོ་དེ་ཡི་གཡས་ཟུར་ན། །
སེང་དཀར་མོས་སེང་འབྲུག་ཁྲིད་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་མི་ཆེན་རྒྱལ་པོ་ལྷུན་གྲུབ་ཀྱི། །
མཁར་མི་འགྱུར་སེངྒེ་གནམ་རྫོང་རེད། །
ས་དེ་འཕྲོ་དེ་ཡི་གཡོན་ཟུར་ན། །
བུ་དཔའ་བོས་ལྕགས་ཁྲབ་གྱོན་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་མི་འགྱུར་སྐྱེས་མཆོག་ཐར་བ་ཡི། །
མཁར་བཙན་པོ་གནམ་ལྕགས་ཁྲོ་མཁར་རེད། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
མཆོང་སྨུག་པོ་བ་གམ་བརྩེགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
འབྲུ་སྒ་སྡེའི་ཆོས་སྐྱོང་བེར་ནག་གི །
མཁར་མི་འགྱུར་མཆོང་མཁར་སྨུག་པོ་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
གཡག་རོག་པོས་ས་མདོ་བཀག་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
ཕོ་སྟག་རོང་དཔོན་པོ་ཁྲོ་ཐུང་གི །
དཔལ་སྐུ་མཁར་ཕོ་རོག་སྙིང་རྫོང་རེད། །
ས་དེ་འཕྲོ་དེ་ཡི་གོང་རོལ་ན། །
གསེར་སེར་པོའི་ཨ་ལོང་བརྩེགས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་གསེར་པའི་ཉི་འབུམ་དར་ཡག་གི །
མཁར་མི་འགྱུར་བསམ་གྲུབ་འབུམ་ཐུབ་རེད། །
ས་དེ་འཕྲོ་དེ་ཡི་བར་སྐེད་ན། །
བྲག་དམར་པོ་དགུང་ལ་འཕྱུར་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་འོམ་བུ་ཨ་ནུ་དཔའ་སེང་གྱི། །
མཁར་ཁྲི་གདུགས་བྲག་རྫོང་རིང་མོ་རེད། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
རྗེ་རྒྱལ་པོས་དར་ཐོད་བཅིངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་མི་སྤྱང་རིན་ཆེན་དར་ལུ་ཡི། །
མཁར་མི་འགྱུར་ཐང་རྫོང་རིང་མོ་རེད། །
ས་དེ་འཕྲོ་དེ་ནས་ཕར་བལྟས་ན། །
སྟག་དམར་ཡག་འཛུམ་དྲུག་ངོམ་འདྲ་བོ།།
ས་དེ་ཡི་ས་མིང་མ་ཤེས་ན། །
དཔའ་ཚ་ཞང་འདན་མ་བྱང་ཁྲ་ཡི། །
མཁར་བཙན་པོ་ཤར་ལུང་རི་དྲུག་རེད། །
ས་དེ་འཕྲོ་དེ་ནས་ཚུར་བལྟས་ན། །
གངས་དཀར་པོ་སེང་ཆེན་འགྱིངས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱི། །
མཁར་མི་འགྱུར་ཕོ་བྲང་སྟག་རྩེ་རེད། །
ས་དེ་འཕྲོ་དེ་ནས་ཡར་བལྟས་ན། །
སྤང་གསེར་གཞོང་འོ་མས་བཀང་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་གླིང་སྟོད་གསེར་པ་མཆེད་བརྒྱད་རེད། །
ས་དེ་འཕྲོ་དེ་ཡི་བར་རྐེད་ན། །
སྤང་དཀར་པོར་འབྲས་དཀར་གཏོར་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་བར་གླིང་འོམ་བུ་ཚོ་དྲུག་རེད། །
ས་དེ་འཕྲོ་དེ་ནས་མར་བལྟས་ན། །
རི་མཐོན་པོ་སྨུག་ཞགས་འཐིབས་འདྲ་བོ། །
ས་དེ་ཡི་ས་མིང་མ་ཤེས་ན། །
དེ་སྨད་གླིང་རྨུ་སྤྱང་སྡེ་བཞི་རེད། །
ཁྱེད་འབྲུག་མོའི་སྣང་བ་སྐྱོ་སངས་ལ། །
ས་གང་དྲིས་མིང་ལ་དེ་འདྲ་ཟེར། །