༄༅།།མདོ་ཁམས་མི་ཉག་མགར་ཐར་བྱམས་པ་གླིང་།
ཡོང་ཁུངས། ངེད་དྲ་བ།
བསོད་ནམས་རྡོ་རྗེ།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༦ ཚེས་ ༡༩

1729ལོར་རྒྱལ་དབང་བདུན་པ་ངག་དབང་སྐལ་བཟང་རྒྱ་མཚོ་མཆོག་གནས་འདིར་ཕེབས། གནམ་བསྐོས་གོང་མ་དང་མཆོད་ཡོན་ཟུང་གིས་གོང་མའི་མཛོད་ནས་དངུལ་སྲང་ཁྲི་ཁྲག་བཅུ་དྲུག་བཏང་སྟེ་གཙུག་ལག་ཁང་དང་བླ་བྲང་བསྡོམས་པའི་རྒྱ་ཁྱོན་ལ་གཞུ་འདོམ་སུམ་བརྒྱ་ཡོད་པ། གཙུག་ལག་ཁང་སུམ་ཐོག་གསེར་གྱི་རྒྱ་ཕིབས་དང་བཅས་པ། ཕྱིའི་ལྕགས་རིའི་དཔང་དུ་གཞུ་འདོམ་དོ། རྒྱ་ལ་གྲུ་བཞི། ཕྱོགས་རེ་རེ་གཞུ་འདོམ་བཞི་བརྒྱ་ཙམ་རེ་དང་། རྒྱ་སྒོ་རིམ་པ་གསུམ་ཡོད་པའི་སྟེང་དུ་གྱོ་མོ་གཡུ་རྩི་ཅན་གྱི་རྒྱ་ཕིབས་དང་བཅས་པ། འདུ་ཁང་ཆེན་མོའི་ཚད་ལ་ལྷ་སའི་ཁྱམས་རིའི་ཆེ་ཆུང་ཙམ་ཞིག་ཡོད་པའི་མགར་ཐར་དགོན་གྱི་གཙུག་ལག་ཁང་གསར་བཞེངས་བྱས། གནམ་བསྐོས་གོང་མ་གཡུང་ཏྲི་སྐུ་དངོས་ཀྱིས་མགར་ཐར་དགའ་ལྡན་ཡོངས་ལ་སྦྱིན་པ་གཏོང་བའི་གཙུག་ལག་ཁང་ཞེས་པའི་མཚན་བྱང་གནང་། དེ་ནས་རྒྱལ་མཆོག་བདུན་པ་ངག་དབང་སྐལ་བཟང་རྒྱ་མཚོ་མཆོག་བགྲང་བྱ་དྲུག་ལྷག་གི་རིང་དུ་གནས་འདིར་བཞུགས་པས་མགར་ཐར་བྱམས་པ་གླིང་ཞེས་མདོ་ཁམས་ཕྱོགས་ཀྱི་རི་བོ་དགེ་ལྡན་པའི་གདན་ས་ཁྱད་པར་ཅན་ཞིག་ཏུ་གྱུར། འོན་ཀྱང་སྔ་རྗེས་སུ་ས་ཡོམ་ཆེན་པོ་ཐེངས་གཉིས་ཙམ་བྱུང་སྟེ་གཏོར་བརླག་ཐེབས་པས་ད་ལྟའི་བཀོད་པ་འདི་བཞིན་ནོ།།
རབ་བྱུང་བཅུ་བཞི་པའི་ས་ཁྱི་(སྤྱི་ལོ 1838)ལོར་རྒྱལ་དབང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མགར་ཐར་དགོན་པའི་ཉེ་འདབས་མན་ཆོད་དཀོན་བརྩེགས་གཤིས་སུ་སྐུ་འཁྲུངས། རྒྱལ་དབང་མཆོག་ཉིད་ངོས་འཛིན་གནང་རྗེས་དགོན་འདིར་ཡུན་རིང་ཙམ་བཞུགས་མྱོང་ཡོད། དེ་མ་ཟད་ཁྲི་ཆེན་ངག་དབང་མཆོག་ལྡན་དང་ལྕང་སྐྱ་རོལ་པའི་རྡོ་རྗེ། ཕྱིས་ཀྱི་མི་ཉག་མཁས་པ་མི་ལྔའི་ཡ་གྱལ་སྐྱབས་རྗེ་བསྐལ་བཟང་ཡོན་ཏན། འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་སོགས་མཚན་ལྡན་གྱི་དམ་པའི་སྐྱེས་བུ་མང་པོའང་སྔ་ཕྱིར་གནས་འདིར་ཕྱག་ཕེབས་ཏེ་རང་དོན་དུ་འཆད་རྩོད་རྩོམ་གསུམ་དང་གཞན་དོན་དུ་ཐོས་བསམ་སྒོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་གྱིས་མཛད་པའི་འཕྲིན་ལས་རྒྱ་ཆེན་སྤེལ།
དགོན་འདི་ཆགས་སའི་དབྱིབས་ནི་མེ་ཏོག་པདྨ་འདབ་མ་བརྒྱད་པའི་རང་གཟུགས་སུ་ཤར་བར་ཀླུ་བདུད་གདུག་པ་ཅན་བཏུལ་སའི་མཚོ་མོ་ཁ་རུབ་པའི་དཀྱིལ་དུ་གཙུག་ལག་ཁང་བཞེངས་ཡོད་ཅིང་། གཡས་རི་རྒྱལ་ཆེན་རིགས་བཞི་བཞེངས་པའི་ཚུལ། གཡོན་རི་གནས་བརྟན་བཅུ་དྲུག་དབུ་འཕང་བརྗིད། མདུན་རི་རྟགས་བརྒྱད་རི་མོ་རང་གཟུགས་བཀྲ། རྒྱབ་རི་གནམ་གྱི་འཇུ་ཐག་སྲ་ཞིང་བརྟན། སྤང་ལྗོངས་ཡངས་ལ་ཁོད་སྙོམས་པ། གཙང་ཆུ་སྔོན་མོ་ལྷུང་ལྷུང་དུ་དལ་གྱི་བཞུར་བའི་སུམ་རྩེན་ཡུལ་དང་གཉིས་སུ་མེད་པའི་གནས་མཆོག་ཉམས་དགའ་བ་ཞིག་ཡིན་ནོ།།
མགར་ཐར་དགོན་གྱི་དུས་སྟོན་དང་ཆོས་ཚོགས་ལོ་གཅིག་གི་ནང་དུ་ཉིན་ཉིས་བརྒྱ་ལྷག་ལ་ཟིན། དེའི་ནང་གི་དུས་མཆོད་གཙོ་བོ་ནི་དྲུག་པའི་དབྱར་ཆོས་དང་བཅུ་པའི་ཉི་ཤུ་ལྔ་མཆོད། ལོ་སར་གྱི་སྨོན་ལམ་ཆེན་མོ་བཅས་རེད། ཁྱད་པར་དུ་དྲུག་པའི་དབྱར་ཆོས་ནི་ཡུལ་ཁམས་འདིར་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་དུས་ཆེན་ཆེས་ཆེ་བ་དེ་ཡིན། འཆམ་ལ་དམར་འཆམ་དང་འབག་འཆམ། འཆམ་ཆེན་དང་འཆམ་ཆུང་སོགས་ཡོད་ཅིང་། དེ་མཚུངས་སུ་ཨ་ཅེ་ལྷ་མོ་འཁྲབ་སྟོན། རྟ་རྒྱུག་བྱེད་པ་སོགས་ཀྱི་སྲོལ་བཟང་པོ་དེ་ཉིད་ཀྱང་རྒྱུད་འཛིན་དང་དར་སྤེལ་གཏོང་མུས་སུ་ཡོད་དོ།།
