༄༅།།གུར་དཀར་སྟག་ཞུ་རྒྱལ་པོའི་གླུ།
ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༥ ཚེས་ ༣༠
གླུ་ཐ་ལ་ཐ་ལ་ཐ་ལ་རེད།
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
གནམ་ཐེལ་དཀར་པོ་མཐུ་རྩལ་ཅན། །
ཧོར་སེར་པོའི་ཕ་ཇུས་ཟིན་པར་ཤོག །
ལྷ་བར་ཐེལ་ཁྲ་བོ་རྫུ་འཕྲུལ་ཅན། །
སྡེ་རང་ཡུལ་སྐྱོབ་པའི་དགྲ་ལྷ་མཛོད། །
འོག་ས་ཐེལ་ནག་པོ་གདུག་རྩུབ་ཅན། །
དམག་བུ་རྟ་སྐྱོབ་པའི་ཁ་འཛིན་མཛོད། །
ང་རྒྱལ་པོ་དམར་པོའི་གདུང་རྒྱུད་ལ། །
ཧོར་སེར་པོས་བསྟེན་པའི་ལྷ་སྲུང་རྣམས། །
ཁ་དལ་བའི་ཉིན་གྱི་ལྷ་མཆོད་དེ། །
ལས་བྲེལ་བའི་ཉིན་ལ་ཡོད་པར་དགོས། །
སྡེ་ཧོར་རུའི་ཇུས་ཀྱི་ཡོ་ལངས་དེ། །
ལྷ་གནམ་ཐེལ་སྤྱན་གྱིས་ཨེ་གཟིགས་སམ། །
གཟིགས་ན་མགོན་སྐྱབས་མཛད་རེ་རན། །
ས་འདིའི་ས་ངོ་མ་ཤེས་ན། །
ཧོར་ཡ་རྩེ་དཀར་མོའི་ནང་ཤེད་རེད། །
ཕོ་ང་འདྲ་ང་ངོ་མ་ཤེས་ན། །
ང་གུ་ཡངས་གནམ་གྱི་རྒྱལ་པོ་ཡིན། །
ངས་སྟོང་གཏམ་མིན་པའི་དྲང་བཤད་ལ། །
སྐད་འདར་བའི་གླུ་ལ་སྙན་མོ་མེད། །
ལག་འདར་བའི་བྲིས་ལ་ཡག་ལུགས་མེད། །
ཁ་མང་བའི་གཏམ་ལ་འཇུ་ཐག་མེད། །
བློ་མང་པོས་དོན་བྱ་འགྲུབ་ལེ་མེད། །
ལར་ཕྱུག་པོའི་ནོར་ལ་སྨོན་མཁན་མང་། །
གཉོམ་ཆུང་གི་ནོར་ལ་རྐུན་མ་མང་། །
ལུས་རྒས་པའི་མི་ལ་གཉེར་མ་མང་། །
སྡེ་ཧོར་རུའི་ཐད་ལ་དགྲ་ཡ་མང་། །
གླིང་དཀར་པོའི་སྡེ་ལ་ལས་དམག་མང་། །
ངའི་དེ་ཚོ་གནས་ལུགས་སྐད་ཆ་ཡིན། །
ད་དོན་དག་ཚིག་རྩ་གཏམ་རྒྱུ་དེ། །
གླིང་དཀར་པོ་བཅོམ་པའི་བརླག་ཤུལ་ནས། །
དམག་འདི་འདྲ་འོང་སྙམ་ཡིད་ན་མེད། །
གླིང་གེ་སར་ཟེར་བ་ཡོད་བསམ་མེད། །
ཁོ་ད་སྔོན་ཉི་མ་ཡན་ཆད་ལ། །
དོང་ནག་པོའི་ས་འོག་གང་དུ་སོང་། །
དུས་ད་ལོ་ཆས་ནས་འོངས་པ་འདི། །
ཤི་དུར་ཁུང་སྙེག་པར་འོངས་པ་འདྲ། །
ཕོ་རྒོད་པོས་རྒོད་ཚོད་མ་ཟིན་ན། །
རྔམ་ཆེ་ན་སྟག་མོ་མི་རོས་བརྣངས། །
རྩལ་དྲག་ན་སེངྒེ་སྐེ་རུས་འཕུད། །
ཡག་ཆེ་ན་བུད་མེད་གྱོད་ལ་ཚུད། །
དཔའ་ཆེ་ན་གླེན་པས་སྲོག་དམར་སྐྱེལ། །
ཨ་དེ་བས་བདེན་ཞིག་གང་ན་ཡོད། །
གླིང་རྒྱ་ཚ་ཟེར་བའི་གཡེར་གྲགས་ཅན། །
ཁོ་རྒོད་ཀྱང་རྒོད་ཚོད་མ་ཟིན་པར། །
མགོ་དུང་ཕོར་ཧོར་ལ་བསྐྱལ་ནས་འོངས། །
སྡེ་གླིང་རུས་བསྐོས་པའི་ལས་ཀ་འདི། །
ཧོར་སེར་པོས་ཁུར་ནས་འདུག་ཐབས་མེད། །
དཔའ་མེད་ཀྱང་དཔུང་བ་རྒོད་རྒོད་ཟེར། །
མཚོན་མེད་རྐྱང་གོ་ཆ་བརྡར་བརྡར་ཟེར། །
འཆི་རན་ཡང་གསོན་གྱི་རེ་བཞག་ཟེར། །
ཤ་མེད་ན་རུས་པའི་འདོར་ལེན་ཟེར། །
ཟས་མེད་ཀྱང་ཕྱུག་པོའི་འདུག་ཚུལ་ཟེར། །
གོ་ཨེ་བྱུང་ཧོར་སེར་པཱ་ཐུར་རྣམས། །
ལར་སྔ་མོ་བོད་ཀྱི་གཏམ་དཔེ་ལ། །
མདོག་རབ་མཛེས་ཨུག་ཆོས་མེ་ཏོག་དེ། །
དགུན་སྐྱི་བསེར་ལྷགས་པའི་ནང་ནས་འཁྲུངས། །
སྟོན་འབྲས་བུ་རྒྱས་དུས་འདབ་མ་ཉམས། །
དབྱར་དྲུག་པའི་ཆར་ཆུ་མ་རེག་ཀྱང་། །
འགྱོད་ཟེར་བ་ཨུག་ཆོས་ཁོ་ལ་མེད། །
མཐོ་ན་དཀར་སྤང་གི་སེར་ཆེན་ཁོ། །
སྟོན་མ་བསླེབས་གོང་ལ་འབྲས་བུ་སྨིན། །
དབྱར་བཀྲག་དར་འཛོམས་དུས་དགུང་ལ་ཡལ། །
སྟོད་དྲོད་འཇམ་ཉི་མ་མ་མཐོང་ཡང་། །
འགྱོད་ཟེར་བ་སེང་ཆེན་ཁོ་ལ་མེད། །
རྗེ་ཨ་གནམ་ཁྲི་དགའ་ཟེར་བ་ངས། །
ཤར་གླིང་དཀར་ཁྲ་མོར་འགྲན་ཡ་བཟུང་། །
སྨན་སེང་ལྕམ་མེ་ཏོག་གྲོགས་ལ་ཐོབ། །
ཇུས་ཁྲ་བོའི་གོང་བ་མ་ནོན་ཡང་། །
འགྱོད་ཟེར་བ་གུར་དཀར་ང་ལ་མེད། །
ལར་ཚེ་སྟོད་སྐྱིད་པ་བསོད་ནམས་ཡིན། །
ཚེ་སྨད་ཅི་འོང་ཆ་མ་མཆིས། །
འཆི་ཟེར་བ་ལས་ཀྱིས་གར་བཞག་རེད། །
ཕོ་སུས་ཀྱང་བཤོལ་ཐབས་ག་ལ་ཡོད། །
རང་ན་ས་འཆི་ས་དུར་ས་གསུམ། །
དཔོན་གཤིན་རྗེ་ཁྲམ་ལ་གར་ཐེབས་རེད། །
གླིང་དཀར་པོས་བཙན་མགོ་ཁྱེར་རྒྱུ་མེད། །
ཧོར་སེར་པོའི་གཉོམ་མགོ་ལྷུང་རྒྱུ་མེད། །
ཕོ་ལ་རྒོད་ཞན་ཟེར་བ་དེ། །
ཉིན་གཅིག་རླུང་རྟའི་དར་རྒུད་རེད། །
རྟ་ལ་མགྱོགས་བུལ་ཟེར་བ་དེ། །
ཉིན་གཅིག་རྩྭ་ཆུས་འགྲང་ལུགས་རེད། །
སྐྲག་མི་དགོས་ཧོར་སེར་པཱ་ཐུར་ཚོ། །
སྔོན་ལ་ཐང་རྙེད་འབུམ་ཐུབ་སོང་། །
དེའི་རྗེས་ཅི་དགོས་རིམ་གྱིས་བལྟ། །
གླུ་གོ་ན་རྣ་བའི་བདུད་རྩི་གྱིས། །
གླུ་མ་གོ་བ་ལ་འགྲེལ་བ་མེད། །
ཧོར་སེར་པོའི་ཡིད་ལ་དེ་ལྟར་ཞོག །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
གནམ་ཐེལ་དཀར་པོ་མཐུ་རྩལ་ཅན། །
ཧོར་སེར་པོའི་ཕ་ཇུས་ཟིན་པར་ཤོག །
ལྷ་བར་ཐེལ་ཁྲ་བོ་རྫུ་འཕྲུལ་ཅན། །
སྡེ་རང་ཡུལ་སྐྱོབ་པའི་དགྲ་ལྷ་མཛོད། །
འོག་ས་ཐེལ་ནག་པོ་གདུག་རྩུབ་ཅན། །
དམག་བུ་རྟ་སྐྱོབ་པའི་ཁ་འཛིན་མཛོད། །
ང་རྒྱལ་པོ་དམར་པོའི་གདུང་རྒྱུད་ལ། །
ཧོར་སེར་པོས་བསྟེན་པའི་ལྷ་སྲུང་རྣམས། །
ཁ་དལ་བའི་ཉིན་གྱི་ལྷ་མཆོད་དེ། །
ལས་བྲེལ་བའི་ཉིན་ལ་ཡོད་པར་དགོས། །
སྡེ་ཧོར་རུའི་ཇུས་ཀྱི་ཡོ་ལངས་དེ། །
ལྷ་གནམ་ཐེལ་སྤྱན་གྱིས་ཨེ་གཟིགས་སམ། །
གཟིགས་ན་མགོན་སྐྱབས་མཛད་རེ་རན། །
ས་འདིའི་ས་ངོ་མ་ཤེས་ན། །
ཧོར་ཡ་རྩེ་དཀར་མོའི་ནང་ཤེད་རེད། །
ཕོ་ང་འདྲ་ང་ངོ་མ་ཤེས་ན། །
ང་གུ་ཡངས་གནམ་གྱི་རྒྱལ་པོ་ཡིན། །
ངས་སྟོང་གཏམ་མིན་པའི་དྲང་བཤད་ལ། །
སྐད་འདར་བའི་གླུ་ལ་སྙན་མོ་མེད། །
ལག་འདར་བའི་བྲིས་ལ་ཡག་ལུགས་མེད། །
ཁ་མང་བའི་གཏམ་ལ་འཇུ་ཐག་མེད། །
བློ་མང་པོས་དོན་བྱ་འགྲུབ་ལེ་མེད། །
ལར་ཕྱུག་པོའི་ནོར་ལ་སྨོན་མཁན་མང་། །
གཉོམ་ཆུང་གི་ནོར་ལ་རྐུན་མ་མང་། །
ལུས་རྒས་པའི་མི་ལ་གཉེར་མ་མང་། །
སྡེ་ཧོར་རུའི་ཐད་ལ་དགྲ་ཡ་མང་། །
གླིང་དཀར་པོའི་སྡེ་ལ་ལས་དམག་མང་། །
ངའི་དེ་ཚོ་གནས་ལུགས་སྐད་ཆ་ཡིན། །
ད་དོན་དག་ཚིག་རྩ་གཏམ་རྒྱུ་དེ། །
གླིང་དཀར་པོ་བཅོམ་པའི་བརླག་ཤུལ་ནས། །
དམག་འདི་འདྲ་འོང་སྙམ་ཡིད་ན་མེད། །
གླིང་གེ་སར་ཟེར་བ་ཡོད་བསམ་མེད། །
ཁོ་ད་སྔོན་ཉི་མ་ཡན་ཆད་ལ། །
དོང་ནག་པོའི་ས་འོག་གང་དུ་སོང་། །
དུས་ད་ལོ་ཆས་ནས་འོངས་པ་འདི། །
ཤི་དུར་ཁུང་སྙེག་པར་འོངས་པ་འདྲ། །
ཕོ་རྒོད་པོས་རྒོད་ཚོད་མ་ཟིན་ན། །
རྔམ་ཆེ་ན་སྟག་མོ་མི་རོས་བརྣངས། །
རྩལ་དྲག་ན་སེངྒེ་སྐེ་རུས་འཕུད། །
ཡག་ཆེ་ན་བུད་མེད་གྱོད་ལ་ཚུད། །
དཔའ་ཆེ་ན་གླེན་པས་སྲོག་དམར་སྐྱེལ། །
ཨ་དེ་བས་བདེན་ཞིག་གང་ན་ཡོད། །
གླིང་རྒྱ་ཚ་ཟེར་བའི་གཡེར་གྲགས་ཅན། །
ཁོ་རྒོད་ཀྱང་རྒོད་ཚོད་མ་ཟིན་པར། །
མགོ་དུང་ཕོར་ཧོར་ལ་བསྐྱལ་ནས་འོངས། །
སྡེ་གླིང་རུས་བསྐོས་པའི་ལས་ཀ་འདི། །
ཧོར་སེར་པོས་ཁུར་ནས་འདུག་ཐབས་མེད། །
དཔའ་མེད་ཀྱང་དཔུང་བ་རྒོད་རྒོད་ཟེར། །
མཚོན་མེད་རྐྱང་གོ་ཆ་བརྡར་བརྡར་ཟེར། །
འཆི་རན་ཡང་གསོན་གྱི་རེ་བཞག་ཟེར། །
ཤ་མེད་ན་རུས་པའི་འདོར་ལེན་ཟེར། །
ཟས་མེད་ཀྱང་ཕྱུག་པོའི་འདུག་ཚུལ་ཟེར། །
གོ་ཨེ་བྱུང་ཧོར་སེར་པཱ་ཐུར་རྣམས། །
ལར་སྔ་མོ་བོད་ཀྱི་གཏམ་དཔེ་ལ། །
མདོག་རབ་མཛེས་ཨུག་ཆོས་མེ་ཏོག་དེ། །
དགུན་སྐྱི་བསེར་ལྷགས་པའི་ནང་ནས་འཁྲུངས། །
སྟོན་འབྲས་བུ་རྒྱས་དུས་འདབ་མ་ཉམས། །
དབྱར་དྲུག་པའི་ཆར་ཆུ་མ་རེག་ཀྱང་། །
འགྱོད་ཟེར་བ་ཨུག་ཆོས་ཁོ་ལ་མེད། །
མཐོ་ན་དཀར་སྤང་གི་སེར་ཆེན་ཁོ། །
སྟོན་མ་བསླེབས་གོང་ལ་འབྲས་བུ་སྨིན། །
དབྱར་བཀྲག་དར་འཛོམས་དུས་དགུང་ལ་ཡལ། །
སྟོད་དྲོད་འཇམ་ཉི་མ་མ་མཐོང་ཡང་། །
འགྱོད་ཟེར་བ་སེང་ཆེན་ཁོ་ལ་མེད། །
རྗེ་ཨ་གནམ་ཁྲི་དགའ་ཟེར་བ་ངས། །
ཤར་གླིང་དཀར་ཁྲ་མོར་འགྲན་ཡ་བཟུང་། །
སྨན་སེང་ལྕམ་མེ་ཏོག་གྲོགས་ལ་ཐོབ། །
ཇུས་ཁྲ་བོའི་གོང་བ་མ་ནོན་ཡང་། །
འགྱོད་ཟེར་བ་གུར་དཀར་ང་ལ་མེད། །
ལར་ཚེ་སྟོད་སྐྱིད་པ་བསོད་ནམས་ཡིན། །
ཚེ་སྨད་ཅི་འོང་ཆ་མ་མཆིས། །
འཆི་ཟེར་བ་ལས་ཀྱིས་གར་བཞག་རེད། །
ཕོ་སུས་ཀྱང་བཤོལ་ཐབས་ག་ལ་ཡོད། །
རང་ན་ས་འཆི་ས་དུར་ས་གསུམ། །
དཔོན་གཤིན་རྗེ་ཁྲམ་ལ་གར་ཐེབས་རེད། །
གླིང་དཀར་པོས་བཙན་མགོ་ཁྱེར་རྒྱུ་མེད། །
ཧོར་སེར་པོའི་གཉོམ་མགོ་ལྷུང་རྒྱུ་མེད། །
ཕོ་ལ་རྒོད་ཞན་ཟེར་བ་དེ། །
ཉིན་གཅིག་རླུང་རྟའི་དར་རྒུད་རེད། །
རྟ་ལ་མགྱོགས་བུལ་ཟེར་བ་དེ། །
ཉིན་གཅིག་རྩྭ་ཆུས་འགྲང་ལུགས་རེད། །
སྐྲག་མི་དགོས་ཧོར་སེར་པཱ་ཐུར་ཚོ། །
སྔོན་ལ་ཐང་རྙེད་འབུམ་ཐུབ་སོང་། །
དེའི་རྗེས་ཅི་དགོས་རིམ་གྱིས་བལྟ། །
གླུ་གོ་ན་རྣ་བའི་བདུད་རྩི་གྱིས། །
གླུ་མ་གོ་བ་ལ་འགྲེལ་བ་མེད། །
ཧོར་སེར་པོའི་ཡིད་ལ་དེ་ལྟར་ཞོག །