༄༅།།གེ་སར་གྱིས་རྒྱ་ནག་མི་ཆུང་ཐང་འབུམ་ལ་སྤྲུལ་ནས་གྲུ་པ་སངས་རྒྱས་སྐྱབས་ལ་གླུ་འདི་ལྟར་བླངས་སོ། །
ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༥ ཚེས་ ༢༧
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་མཁྱེན་གཅིག་གླང་ཆེན་འགྱིང་རི་ནས། །
མགོན་ཕ་གཅིག་དམ་པ་སངས་རྒྱས་མཁྱེན། །
སྒོས་ཡང་མཁྱེན་ཀུན་ཏུ་བཟང་པོ་མཁྱེན། །
ཐུགས་མཁྱེན་པས་གཟིགས་དང་ཐུགས་རྗེས་ཟུངས། །
ས་འདི་ཡི་ས་ངོ་མ་ཤེས་ན། །
ས་གཞུང་ཆུ་སྔོན་མོའི་ཚུར་ཁུག་རེད། །
མི་ང་དང་ང་ངོ་མ་ཤེས་ན། །
ས་རྒྱ་ནག་གླང་ཆེན་འགྱིང་རི་ནས། །
རྒྱ་ནག་གི་མི་ཆུང་ཐང་འབུམ་ཡིན། །
དུང་དཀར་པོའི་མཆོད་རྟེན་ཁྲུ་གང་འདི། །
གནས་གླང་ཆེན་འགྱིང་རིའི་ལག་རྟགས་ཡིན། །
རིགས་ནག་པོ་རྒྱ་ཡི་ལས་ནོར་ཡིན། །
ཉོ་འདོད་ན་མཆོད་རྟེན་བཙོང་རྒྱུ་ཡིན། །
བརྗེ་འདོད་ན་ཆོས་དང་བརྗེ་རྒྱུ་ཡིན། །
ད་དེ་ནས་གྲུ་པའི་དཔོན་པོ་ལགས། །
ས་འདི་ལ་ས་མིང་ཅི་འདྲ་ཡོད། །
མི་ཁྱོད་ལ་ལོ་རྒྱུས་ཅི་འདྲ་ཡོད། །
ང་ད་ནངས་ཉི་མ་ཤར་ནས་འོངས། །
མཐོ་ཁྲི་གདུགས་ལ་མོ་བརྒྱབས་ནས་འོངས། །
ཞག་དོ་ནུབ་འདུག་པའི་གནས་གཅིག་གཡོར། །
ཆོས་མཆོད་རྟེན་འཇོག་པའི་ཁྲི་གཅིག་རྩིགས། །
ལྟོ་ཕོ་བ་རྒྱག་པའི་ཟས་གཅིག་གནོངས། །
ཆུའི་ཕར་ལ་འགྲོ་བའི་བློ་གཅིག་སྟོན། །
དེ་མིན་གཞུང་ཆུ་སྔོ་རིང་ཞེས། །
ས་ནག་ལུང་པ་ཧུབ་ཀྱིས་འདྲེན། །
ཆུ་ཆེན་གཤིན་རྗེ་འཕྲེད་ཉལ་ལ། །
འགག་ཕྲའི་གྲུ་པ་གཞན་ལས་བཙན། །
སྤྲང་ཧྲུལ་ཆུ་ལ་ཕུད་པ་ན། །
ཆོས་ལ་དེ་བས་ཆེ་བ་མེད། །
དེ་སྟེ་མི་ཆུང་ཐང་འབུམ་ངས། །
དུས་རྒྱུན་སྨོན་རྒྱུ་ཆོས་ལ་སྨོན། །
ཆོས་ཡོད་ལུས་གཅིག་མ་བླངས་བསམས། །
དེ་རིང་གཞུང་ཆུ་ཁམ་པ་འདི། །
ཁྲ་མོའི་མིག་གིས་མཐོང་ཚུན་ནས། །
སྨོན་སྨོན་ཆུ་ནང་ཉ་ལ་སྨོན། །
ལྟོ་དཀར་ལུས་གཅིག་མ་བླངས་བསམས། །
དེ་སྟེ་གྲུ་པའི་དཔོན་པོ་ལགས། །
ཉི་ནུབ་མགྲོན་པོའི་གནས་ཚང་དེ། །
མི་བརྒྱབ་འཁོར་བའི་ཕ་མ་ཟེར། །
ཡི་མུག་སྤྲང་པོའི་སྐྱབས་གནས་དེ། །
སྨོན་ལམ་བརྒྱ་ཡི་མགོ་འདྲེན་ཟེར། །
གྲུ་དཔོན་ཅི་ཡོད་ལོངས་སྤྱོད་ལ། །
གཡོག་བརྒྱ་གསོ་བའི་ཁ་ཞོར་ནས། །
མགྲོན་ཟས་ཞར་དང་ཞོར་ལ་འབྱུང་། །
ལྷ་ཁང་མཆོད་པ་འབུལ་ཞོར་ནས། །
སྐྱེ་མེད་དུང་གི་མཆོད་རྟེན་ལ། །
མཆོད་འབུལ་ཞར་དང་ཞོར་ལ་འོང་། །
མགྲོན་བརྒྱ་ཕུད་པའི་གྲུ་ཞོར་ལ། །
ཉམ་ཆུང་ཟུར་ལ་བརྫངས་པས་ཆོག །
མང་པོའི་ཞོར་ལ་གཏོང་རོགས་མཛོད། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འབྲེལ་བ་གྱིས་གསུངས། །